མཚོ་སྔོན་གྱི2026ལོའི་ལོ་འཁོར་གྱི་གཞུང་ཞབས་པའི་ཡིག་རྒྱུགས་བསྡུ་ལེན་གྱི་ལས་སྒོ་དངོས་སུ་ལེན་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་ལོ་འཁོར་གྱི་གཞུང་ཞབས་པའི་ཡིག་རྒྱུགས་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དང་ཞིང་ཆེན་ཐད་གཏོགས་རྒྱུགས་ལེན་ས་གནས8བཅས་སུ་དུས་མཉམ་དུ་སྤེལ་འགོ་བརྩམས། ད་ལོ་ཁྱོན་བསྡོམས་རྒྱུགས་ལེན་ལས་གནས1931བཀོད་སྒྲིག་བྱས་ཡོད་པ་དང་མིང་ཐོ་འགོད་མཁན་མི་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་ལ་སླེབས་ཡོད་པར་བརྟེན། མིང་ཐོ་འགོད་པའི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

ད་ཐེངས་ཀྱི་ཡིག་རྒྱུགས་ལ་ཁྱོན་རྒྱུགས་ལེན་ས་ཁུལ9དང་རྒྱུགས་ར118།  རྒྱུགས་ལེན་ཁང་པ4047བཅས་བཀོད་སྒྲིག་བྱས་ཡོད།  ཆ་སྙོམས་རྒྱུགས་ལེན་བསྡུར་ཚད1:62ཡིན་པ་དང་རྒྱུགས་ལེན་བསྡུར་ཚད་མཐོ་ཤོས1:393རེད། རྒྱུགས་སྤྲོད་ལོ་ཚད་ལོ38བར་ཇེ་རིང་དུ་བཏང་ནས། རྒྱུགས་སྤྲོད་སློབ་མ་སྔར་ལས་མང་པོར་རྒྱུགས་སྤྲོད་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད། ཡིག་རྒྱུགས་ལས་དོན་བདེ་འཇགས་དང་བརྟན་པོའི་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། རྒྱུགས་ལེན་ལས་དོན་དེ་ཀྲུང་དབྱང་དང་རང་རེའི་ཞིང་ཆེན་གྱི་གཞུང་ཞབས་པའི་རྒྱུགས་ལེན་གྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལྟར་ལག་བསྟར་བྱེད་ཀྱིན་ཡོད།  འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། རྒྱུགས་ལེན་ཁང་གི་འགྲིམ་འགྲུལ་དང་སྨན་བཅོས། སྐུད་མེད་གློག་གི་ལྟ་ཞིབ་ཚད་ལེན། གློག་ཤུགས་མཁོ་འདོན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བར་འགན་ལེན་བྱས།

ཡིག་རྒྱུགས་ཚར་རྗེས་འཕྲལ་མར་རྒྱུགས་ཤོག་ལྟ་ཀློག་གི་ལས་དོན་སྤེལ་འགོ་རྩོམ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་པ་ལྟར་ན་ཟླ3པའི་ཟླ་མཇུག་ཏུ་ཡོངས་འགྲུབ་བྱ་ཐུབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།