མཚོ་སྔོན་གྱིས་རྒན་པའི་བདེ་ཐང་ཞབས་ཞུའི་འདོན་སྤྲོད་མུ་མཐུད་དུ་རྒྱ་བསྐྱེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒན་པའི་བདེ་ཐང་འགོག་སྲུང་གི་དྲ་བ་བརྟན་པོར་བསྐྲུན་པ་དང་རྒན་པའི་སྨན་བཅོས་སྟབས་བདེའི་ཚད་གཞི་མཐོར་འདེགས་གཏོང་བ། སྤུས་ལེགས་ཞབས་ཞུའི་མ་ལག་བསྐྲུན་ཆེད། ཟླ3པའི་ཚེས10ཉིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་ཏེ། མཚོ་སྔོན་གྱིས་བདེ་ཐང་རྒན་འགྱུར་ཅན་གྱི་དམིགས་འབེན་གཞིར་བཟུང་ནས། རྒན་པའི་བདེ་ཐང་ཞབས་ཞུའི་འདོན་སྤྲོད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཞབས་ཞུའི་སྤུས་ནུས་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལོན་རྒན་པའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ཡོངས་ཁྱབ་ཀྱི་ཚད་བརྒྱ་ཆའི81.57ལ་སླེབས་པ་དང་། ལོ་ལོན་རྒན་པའི་ཀྲུང་ལུགས་སྨན་བཅོས་ཀྱི་བདེ་ཐང་དོ་དམ་ཚད་བརྒྱ་ཆའི76.48ལ་སླེབས་ཡོད་ཟེར།

རྒན་པའི་བདེ་ཐང་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་དུས་རིམ་ལ་གཞི་བཅོལ་ཏེ། བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། ལུགས་མཐུན་གྱི་ཟས་སྤྱོད་དང་། ལུས་སྦྱོངས་འོས་འཚམ་སོགས་ཀྱི་བདེ་ཐང་འཚོ་བའི་བྱེད་ཐབས་ཁྱབ་གདལ་དུ་བཏང་ཞིང་། བདེ་ཐང་བརྟག་བཅོས་དང་། སེམས་ཁམས་གཅེས་སྐྱོང་སོགས་རྒན་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ལོ་ལོན་རྒན་པའི་བདེ་ཐང་གི་འདུ་ཤེས་དང་ནུས་པ་ཇེ་མཐོར་བཏང་བ་དང་། དལ་བའི་རང་བཞིན་གྱི་ནད་སྔ་མོ་ནས་འགོག་བཅོས་བྱེད་པར་སྐུལ་འདེད་བཏང་། ནུས་པ་ཉམས་པའི་རྒན་པར་བདེ་ཐང་འགུལ་སྐྱོད་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ཏེ། དགོས་མཁོ་ཅན་གྱི་ལོ་ལོན་རྒན་པས་རིན་མེད་ཀྱི་བདེ་ཐང་ཞབས་ཞུ་བསྒྲུབས། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་དོན་དངོས་སུ་བསྒྱུར་ཆེད་དང་། འགུལ་སྐྱོད་སྟབས་བདེ་མིན་པ་དང་ལོ་ན་མཐོ་བའི་རྒན་པར་ཁྱིམ་དུ་བརྟག་བཅོས་བྱེད་པ་དང་། བདེ་ཐང་མཛུབ་སྟོན་བྱེད་པ། ཁམས་གསོ་བདག་སྐྱོང་། བདེ་ཐང་དོ་དམ་། ཀྲུང་ལུགས་ལུས་དཔྱད་ངོས་འཛིན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ལོ65དང་དེའི་ཡན་གྱི་ལོ་ལོན་རྒན་པར་རིན་མེད་ཀྱི་བདེ་ཐང་ལུས་བཤེར་ཞབས་ཞུ་རྒྱུན་མཐུད་ངང་འདོན་སྤྲོད་བྱེད་བཞིན་ཡོད།

ཞབས་ཞུའི་འདོན་སྤྲོད་ལེགས་བསྒྱུར་དང་། རིམ་པ་གཉིས་པ་དང་དེའི་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དུ་རྒན་པའི་ཕྱོགས་བསྡུས་དཔྱད་འཇོག་ཞབས་ཞུ་སྤེལ་བར་སྐུལ་མ་བྱས་ཏེ། རྒན་པའི་གསོ་རིག་བརྟག་དཔྱད་བྱེད་ནུས་ཇེ་མཐོར་བཏང་བ་དང་། རྒན་པའི་རིག་ཚན་སྒྲིག་བཀོད་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་སྣང་གསོ་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས25ཡིས་རྒན་པའི་གསོ་རིག་དང་། སྐྲན་ནད་སོགས་ཚན་ཁག་དུ་བདེ་སྣང་གསོ་བཅོས་ཞབས་ཞུ་བསྒྲུབས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཀྲུང་བོད་ལུགས་སྨན་ཁང་འཛུགས་པའི་ཡོངས་ཁྱབ་རང་བཞིན་མངོན་འགྱུར་བྱས་ཏེ། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་། གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་དུ་སྣ་མང་བའི་ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་ཐུབ་པར་བྱས་ཏེ། ལོ་ལོན་རྒན་པས་ཀྲུང་བོད་ལུགས་སྨན་བཅོས་ཀྱི་ཁྱད་ལྡན་ཞབས་ཞུའི་གོ་ཆོད་རང་བཞིན་ཇེ་དྲག་ཏུ་བཏང་།

སྨན་གསོའི་གན་རྒྱའི་མཉམ་ལས་ཞབས་ཞུ་དང་། སྨན་བཅོས་ལས་ཁུངས་ཀྱིས་རྒན་གསོའི་ཞབས་ཞུ་སྤེལ་བ། རྒན་གསོ་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྡེ་ཁུལ་དང་ཁྱིམ་ཚང་དུ་ཐོན་པའི་རྒྱུན་ལྡན་གྱི་ཞབས་ཞུའི་རྣམ་པ་གྲུབ་པར་འཚོལ་ཞིབ་བྱས་ཏེ། དུས་ལྟར་སྐོར་སྐྱོད་བརྟག་བཅོས་དང་བདེ་ཐང་སླར་གསོའི་བདག་སྐྱོང་མཛུབ་སྟོན། ཐོལ་བྱུང་ནད་གཞི་བརྒྱུད་སྐྱེལ་སོགས་ཆེད་ལས་སྨན་བཅོས་ཞབས་ཞུ་ཡོངས་ཁྱབ་ཏུ་འགྱུར་བ་དང་རྒན་གསོའི་ལས་ཁུངས་དང་མཉམ་ལས་བྱེད་པ། སྨན་གསོ་ལས་ཁུངས་ཟུང་འབྲེལ་གྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། དམངས་སྲིད་སོགས་སྡེ་ཁག་དང་མཉམ་དུ་སྨན་གསོ་ཟུང་འབྲེལ་སྐུལ་སྤེལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྨན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྤུས་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།