ཐུན་རིན་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ནུས་པར་བརྟེན་ནས་ཁྲོམ་རའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ནང་མཁོ་དང་འཛད་སྤྱོད་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞི་ཡིན་ལ། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་འདེགས་གཞི་གལ་ཆེན་ཞིག་ཡིན། ཟླ2པའི་ཚེས26ཉིན་ནས་ཟླ3པའི་ཚེས13ཉིན་བར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་རོང་བོ་གནའ་མཁར་དུ་ཞིམ་ཟས་དང་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་འཛད་སྤྱོད་བྱེད་སྒོ་སྤེལ་ཏེ། འགྲེམ་འཚོང་ཉམས་ལེན་དང་འཛད་སྤྱོད་དམངས་ཕན་ཤོག་བྱང་གི་ཕྱོགས་གཉིས་སྒུལ་ཤུགས་ཀྱི་རྣམ་པར་བརྟེན་ནས་ཁྲོམ་རའི་གསོན་ཤུགས་རྒྱས་པར་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་པར་བྱས་ཤིང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་དྲག་པོ་བསྣན།

ཐེངས་འདིའི་བྱེད་སྒོ་ལས་འཛད་སྤྱོད་ཀྱི་བྱེད་ནུས་གཞིར་བཟུང་སྟེ། ཁྱད་ལྡན་ཐོན་རྫས་དང་སྤུས་ལེགས་ཞིམ་ཟས་སྟེ་སྲོག་ཤིང་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཏེ། བསྡོམས་པས་འགྲེམ་གནས་བརྒྱ་འཆར་འགོད་བྱས་ཤིང་། དེའི་ཁྲོད་དུ། ཐོན་རྫས་འགྲེམ་གནས60ལས་སྤུས་ལེགས་ནང་འདྲེན་ཐོན་རྫས་དང་རྒྱལ་ཡོངས་ས་ཆ་སོ་སོའི་ཁྱད་ལྡན་ཐོན་རྫས་གཅིག་ཏུ་བསྡུས་ཡོད་ཅིང་། ཨ་རབ་མནའ་འབྲེལ་གྱི་ཁྱད་ལྡན་ཞོར་ཟས་དང་། ཨུ་རི་སིའི་སྦྲང་རྩི་སོགས་ནང་འདྲེན་ཐོན་རྫས་གང་མང་ཡོད་པར་མ་ཟད། ཀྲེ་ཅང་དང་ནང་སོག ཞིན་ཅང་སོགས་རྒྱལ་ནང་ས་ཆ་སོ་སོའི་ཁྱད་ལྡན་ཐོན་རྫས་སོགས་མང་པོ་ཡོད། ཞིམ་ཟས་འགྲེམ་གནས40རུ་རེབ་གོང་རང་ས་ནས་ཐོན་པའི་ཞིམ་ཟས་མངར་མོ་གང་མང་ཞིག་གི་གསོལ་སྟོན་བཤམས་ནས་གྲོང་མི་དང་ཡུལ་སྐོར་བར་ས་གནས་གཅིག་ཏུ་འཛད་སྤྱོད་ཉམས་ལེན་བྱེད་ཐབས་འདོན་སྤྲོད་བྱས། བྱེད་ཐབས་འདི་ལས་ས་གནས་ཀྱི་ཚོང་གཉེར་བའི་ཕྱིར་འཚོང་ལམ་བུ་རྒྱ་བསྐྱེད་པ་མ་ཟད། ཁྲོམ་རའི་བར་གྱི་འབྲེལ་ཟམ་བསྐྲུན་ཏེ། མི་སྔར་ལས་མང་པོའི་ལས་རིགས་དང་ལས་རྣམ་གསར་གཏོད་ཀྱི་སྤྲོ་སྣང་འཕེལ་བར་བྱས།

འཛད་སྤྱོད་སྦས་ཤུགས་ཕྱིར་བཏང་ནས་སྲིད་ཇུས་ཀྱི་ཁེ་བཟང་མང་ཚོགས་ཀྱིས་ཐད་ཀར་རེག་ཐུབ་ཆེད། ཐུན་རིན་གྲོང་ཁྱེར་གྱིས་ནོར་སྲིད་གཏོང་ཤུགས་ཇེ་ཆེར་བཏང་སྟེ། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་སྒོར་ས་ཡ་གཉིས་གཅིག་འདོམས་བྱས་ནས། དམངས་ཕན་གྱི་འཛད་སྤྱོད་ཤོག་བྱང་ཁྲི་བརྒྱད་ཙམ་བྱིན་པ་དེ། ཞིམ་ཟས་ཟ་བ་དང་ཁྱད་ལྡན་ཐོན་རྫས་ཉོ་བ་སོགས་སྣ་མང་འཛད་སྤྱོད་ཀྱི་རྣམ་པར་ཡོངས་སུ་ཁེབས་པར་བྱས་ཤིང་། འཛད་སྤྱོད་བྱེད་འདོད་པ་དང་འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་བྱེད་སྤྲོ་བ་བཅས་ཀྱི་འཛད་སྤྱོད་ཀྱི་རྣམ་པ་ལེགས་པོ་ཞིག་གྲུབ་པར་སྐུལ་འདེད་བཏང་།

མིག་སྔའི་བར་དུ། བྱེད་སྒོའི་ཡུལ་དངོས་སུ་གྲོང་མི་དང་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་བསྡོམས་པས་མི་ཐེངས་ཁྲི་ལྔ་ལྷག་ཡོད། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་མུ་མཐུད་འཕེལ་བར་བྱས་པ་ལས། ཉོ་འཚོང་དང་རིག་གནས་ཡུལ་སྐོར། ཟ་འཐུང་སོགས་འབྲེལ་ཡོད་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཀྱི་ནུས་པ་ཐོན། ཐེངས་འདིའི་བྱེད་སྒོ་ལས་འཛད་སྤྱོད་ལ་སྐུལ་བ་སྲོག་ཤིང་དུ་བྱས་པས། མང་ཚོགས་ལ་དངོས་ཕན་དང་སྟབས་བདེའི་འཛད་སྤྱོད་རྒྱུ་ལམ་འདོན་སྤྲོད་བྱས་ཤིང་། ཁྲོམ་རའི་ནང་གནས་གསོན་ཤུགས་འཕེལ་བར་བྱས་རྐྱེན་ཐུན་རིན་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི་འཁོར་རྒྱུགས་ཚད་གཞི་སྔར་ལས་ཇེ་མཐོར་སོང་ཞིང་། སྲིད་ཇུས་ཀྱི་ནུས་པ་འདོན་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཕྱོགས་གཉིས་མཉམ་རྒྱལ་མངོན་འགྱུར་བྱུང་སྟེ། གྲོང་ཁྱེར་ཡོངས་ཀྱི་ནང་མཁོ་རྒྱ་བསྐྱེད་པ་དང་། བརྟན་འཇགས་འཕར་སྣོན་གྱི་བྱ་བར་རྨང་གཞི་བརྟན་པོ་བཏིངས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།