ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་ཚོགས་ཆུང་གི་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས་ཏེ། འཐུས་མི་དང་ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་གནང་བ་རེད།འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཚང་མས་དམིགས་འབེན་ལས་འགན་གསར་པར་དམིགས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།
དཔྱིད་ཟླ་གསུམ་པའི་པེ་ཅིང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ཡོད་ཚད་ལ་གསོན་ཤུགས་ཀྱིས་ཁེངས་འདུག རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་པ་དེས་འབད་འཐབ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་། འཐབ་ལམ་གསར་པའི་དུང་བརྡ་བཏང་ཡོད། ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་ཚོགས་ཆུང་གི་ནང་དུ་ཕེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་འཐབ་ཇུས་བཀོད་སྒྲིག་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་ཟབ་མོ་དང་མངགས་བཅོལ་ནན་མོ་དེས། འཐུས་མི་དང་ཨུ་ཡོན་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧན་པའོ་ཅང་གིས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཐེངས་གསུམ་ལ་ཚོགས་ཆུང་དུ་ཕེབས་ནས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་འགྱུར་ལྡོག་ལ་དབྱེ་ཞིབ་ཟབ་མོ་གནང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་དམིགས་འབེན་ལས་འགན། འཐབ་ཇུས་བྱེད་ཐབས་བཅས་གསལ་སྟོན་གནང་ཞིང་། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མ་འོངས་ཇུས་འགོད་བྱེད་པའི་མིག་རྒྱང་རིང་བོ་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་པར་བྱས་པ་དང་། དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་ཏེ ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ལེན་ཆི་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་བསྐྱོད་པ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་བྱུང་བ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སྔར་ལས་ལེགས་ཤིང་། སྒུལ་ནུས་སྔར་ལས་ཆེ་ལ། གཞི་མདངས་སྔར་ལས་དྭངས་བར་མ་ཟད། རྒྱལ་ཁབ་ཆེན་པོའི་མཉེན་ཆ་སྔར་ལས་མངོན་པར་བྱས་པ་དང་། 2026ལོ་དང་ཐ་ན“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ལ་རྒྱང་ལྟ་བྱས་ཚེ། རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་ཞིང་སྦས་ཤུགས་ཆེན་པོ་ལྡན་པ་དང་། མཉེན་ཆ་དྲག་པའི་དགེ་མཚན་ལ་འགྱུར་བ་བྱུང་མེད། བཅོས་སྒྱུར་གསར་གཏོད་ཀྱི་སྒུལ་ནུས་དང་དམངས་འཚོ་གཙོར་འཛིན་པའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་བཟང་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་ཚེ། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་བརྒྱུད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་པ་རེ་རེ་བཞིན་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས་ན། སྔར་ལས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་འཇལ་དགོས་པ་དང་། སྔར་ལས་མང་པོའི་འགལ་བ་སྣ་ཚོགས་ཐག་གཅོད་བྱེད་དགོས་པས། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་རྒྱུའི་ཐད་འབད་བརྩོན་དང་། ཉམས་མྱོང་འདོན་དགོས་པའི་བླང་བྱ་བཏོན་པ་ཡིན་ཞེས་ནན་གྱིས་བསྟན། ཀྲུང་གོའི་ཞིང་བཟོ་ཏང་དང་དགུ་གསུམ་སློབ་ཚོགས། སྨན་རྫས་འཕྲོད་བསྟེན་ལས་རིགས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་བཅས་ལ་འཚམས་འདྲི་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པ་རུ། སྤྱི་ཁྱབ་ཧྲུའུ་ཅིས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཞུས་ཀོང་ཧུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཅང་སུའུ་ཡིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་དགོས་པའི་བླང་བྱ་བཏོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་མཉམ་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོའི་འགན་འཁྲི་གཙོ་བོ་ལེགས་པོར་འཁུར་བ་དང་། འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་ཁྱོན་ཡོངས་ནས་བསྐྲུན་པ། ཆུ་ཚད་མཐོ་བའི་ཚན་རྩལ་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་གཙོ་བོའི་སྣེ་ཁྲིད་ནུས་པ་དང་འཇོན་མི་ནང་འདྲེན་ནུས་པ་སོགས་མཐོར་འདེགས་སུ་གཏོང་བར་ཤུགས་བཏོན་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་སི་ཅིན་གྱིས་བཤད་རྒྱུར། ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། སྨན་བཅོས་དང་སློབ་གསོ། ཞིབ་འཇུག་དང་ཐོན་སྐྱེད་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ནད་གཞི་ཚབས་ཆེན་འགོག་བཅོས་ཀྱི་དགོས་མཁོར་དམིགས་ནས། ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་སྔར་ལས་མང་པོ་ཞིབ་འཇུག་གསར་སྤེལ་དང་གཞན་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་སྔར་ལས་བཟང་བོའི་ཕན་ཁེ་ཐོབ་པར་བྱས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁྲིན་ཧོང་ཡུས་ཀྱིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས“གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས་ལ། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ། དག་ཐེར་སྦྱོང་བརྡར་སྔར་ལས་མཐར་ཕྱིན་དང་འགག་སྒྲོལ་སྔར་ལས་མཐིལ་ཕྱིན། དམག་དཔུང་སྟོབས་ལྡན་ཐད་སྔར་ལས་རྨང་གཞི་ཡོད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་དེ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བློ་དཀར་གཞུང་དྲང་དང་སྤྱོད་གཙང་སྲོལ་བཟང་། བློ་གཏད་ཆོག་པ་བཅས་ཡོང་བར་འགན་སྲུང་བྱེད་དགོས་ལ། མེ་མདའ་ནམ་ཡང་ཏང་ལ་བློ་དཀར་ཞིང་། མི་དམངས་ལ་བློ་དཀར་བའི་བློ་གཏད་ཆོག་པའི་མིའི་ལག་ཏུ་འཛིན་པར་འགན་སྲུང་ནན་མོ་བྱེད་དགོས་པར་མ་ཟད། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བསྟན་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་འགྲེང་སྟེ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ནས། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཀྱིས་གཅིག་བསྡུས་བྱེད་དགོས་ཤིང་། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་བཙུགས་ནས། འཐབ་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་དགོས།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཧྲི་དབྱི་ཀུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཐོག་མའི་གསར་གཏོད་དང་ལག་རྩལ་གཙོ་བོའི་མཁྲེགས་གཏོར་ལ་ཤུགས་སྣོན་པ་དང་ཚན་རྩལ་གྱི་མཐོ་ས་བསྐྲུན་པའི་ཐད་ཐོད་བརྒལ་གསར་པ་ཡོང་བར་བརྩོན་ལེན་བྱེད་དགོས། རྗེས་མར་ང་ཚོས་འཛམ་གླིང་གི་ཚན་རྩལ་མདུན་གྲལ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། གསར་གཏོད་ཁྲིད་ཕྱོགས་ཀྱི་ཚན་རྩལ་དཔྱད་འཇོག་བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཕྲ་ཕུང་སྨན་བཅོས་དང་མི་ཐབས་རིག་ནུས། རྩེར་སོན་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་བྱེད་ནུས་བསྩོལ་བར་བརྟེན་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མ་ཞིའུ་ལི་ཡིས་བཤད་རྒྱུར།མིག་སྔར། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བས། ང་ཚོ་ཐོན་ལས་བཟོ་པའི་རྩལ་ནུས་ཀྱི་ཆུ་ཚད་ལ་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པར་འབད་བརྩོན་ལྷོད་མེད་བྱེད་སྐབས། ངས་སྣེ་ཁྲིད་དེ་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རང་འགུལ་ངང་གྲངས་ནུས་ཅན་དུ་འགྱུར་བར་བྱས་ཏེ། རྩལ་ནུས་རྒྱུན་འཛིན་དང་རིག་ནུས་བཟོ་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པ། རྩལ་ནུས་བཟང་ཞིང་དཀའ་གནད་ལས་སྒྲོལ་ཐུབ་པའི་རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། གྲངས་ནུས་ཅན་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་རྒྱུ་ཡིན།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཡུས་ཁྲེང་གིས་བཤད་རྒྱུར། ང་ཚོས་སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ལས་རྣམ་གསར་པ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཁེ་ཕན་མཉམ་སྤྱོད་ཀྱི་རྐྱེན་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ལག་ལེན་ལ་བརྟེན་ནས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ནན་མོ་གཏོང་བའི་ཐད་གཞི་རིམ་གྱི་གསོན་ཉམས་ལྡན་པའི་མིག་དཔེ་འདོན་སྤྲོད་བྱེད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཞའོ་ལི་ཡིས་བཤད་རྒྱུར། སློབ་གསོའི་ལས་གནས་དང་པོར་ལས་ཀ་བྱེད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ཏེ། འགན་སྒྲུབ་འགན་འཁྲི་དང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་དགོས་ལ། བློ་འདོན་ཇུས་འབུལ་བྱས་པ་བརྒྱུད་ནས། རྨང་གཞིའི་སློབ་གསོ་རྒྱ་སྐྱེད་དང་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོ་གཞི་གྲངས་ཅན་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།