ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ལ་འཚམས་འདྲི་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས12ཉིན་ནས་ཚེས13ཉིན་བར། རྒྱལ་ཡོངས་ཚོགས་ཆེན་གཉིས་མཇུག་བསྒྲིལ་མ་ཐག  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་སྣེ་ཁྲིད་དེ། པེ་ཅིང་དུ་དམངས་སྲིད་པུའུ་དང་། ཆུ་བེད་པུའུ། ཞིང་ལས་ཞིང་སྡེ་པུའུ།  རྒྱལ་ཁབ་གློག་དྲ་ཀུང་སི་སོགས་ལ་སོ་སོ་དང་ཡང་ན་ཐུན་མོང་ཐོག་འཚམས་འདྲི་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་མཐུན་སྦྱོར་སྦྲེལ་མཐུད་བྱས་ཏེ། དམངས་སྲིད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལུའུ་ཀྲི་ཡོན་དང་། ཆུ་བེད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལི་གོ་དབྱིན། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧན་ཅུན། རྒྱལ་ཁབ་གློག་དྲ་ཀུང་སིའི་རྐང་གཉེར་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀྲི་ཀང་བཅས་དང་སོ་སོར་གྲོས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་དེད་དེ་མདུན་དུ་བསྐྱོད་ཅིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ནུས་ཤུགས་གཅིག་སྡུད་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་ཚད་ཇེ་མགྱོགས་སུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། བྱ་བའི་མཛུབ་སྟོན། ལས་གཞི་ལག་བསྟར། མ་དངུལ་གཏོང་འཇོག་སོགས་ཕྱོགས་ནས་སྔར་ལས་མང་བའི་མཛུབ་སྟོན་དང་རོགས་རམ་བྱས་ཏེ། པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་དང་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དང་། ཐོན་ཁུངས་དགེ་མཚན་སྔར་ལས་ལེགས་པོའི་སྒོ་ནས་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། མཚོ་སྔོན་གྱིས་བཏོན་པའི་རྒྱབ་སྐྱོར་ལས་གཞིར་ལན་ཡག་པོ་སྤྲད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་དང་འཕེལ་རྒྱས་དགོས་མཁོ་དམིགས་སུ་འཛིན་པ། དམངས་འཚོའི་ཚད་མཐའི་འགན་སྲུང་དང་། ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་སོགས་ལ་དམིགས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཤུགས་ཆེན་དང་མ་དངུལ་བཏང་ནས། ནུས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལོན་པར་རོགས་ཤུགས་འདོན་རྒྱུ་ཡིན་པར་བསྟན། 

ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་། དབྱང་ཀྲི་ཝུན་གཉིས་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།