མཚོ་སྔོན་ཞིང་ཆེན་གྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས2026ལོའི་ཞིང་ཆེན་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས། གནམ་སྔོན་པོའི་སྲུང་སྐྱོབ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་རླུང་ཁམས་ཆེན་མོའི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན།

གྲོས་ཚོགས་ལས་བསྟན་དོན། གྲོང་ཁྱེར་དང་ཁུལ་སོ་སོས་ནམ་མཁའ་གཡའ་དག་པ་འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཡག་པོ་བྱས་ཏེ། གར་ཚད་ཇེ་དམའ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། སྦགས་བཙོག་དངོས་པོ་མང་པོར་མཐུན་སྦྱོར་ཚོད་འཛིན་དང་སྡེ་ཚན་མང་པོ་མཉམ་ལས་མཉམ་འགུལ་ཁྲིད་སྟོན་དུ་བྱས་ཏེ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་ལ་ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུར་ཤུགས་བསྣན་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཆ་འཕྲིན། འགྲིམ་འགྲུལ། སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་གང་ལེགས་བྱས་ཏེ། གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར། མཉམ་འཛིན་མཉམ་སྐྱོང་བཅས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་རྣམ་པ་གྲུབ་པར་བྱས་ནས།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་རླུང་ཁམས་ཆེན་མོའི་་སྦགས་བཙོག་འགོག་བཅོས་ལས་ཀའི་བྱེད་ཐབས་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ས་ཁོངས་ལ་མཉམ་འབྲེལ་སྒོས་སྔོན་འགོག་དང་མཉམ་འབྲེལ་སྒོས་ཚོད་འཛིན་བྱེད་པར་མུ་མཐུད་ཤུགས་སྣོན་པ། ཁོར་ཡུག་དང་མཁའ་དབུགས་ཀྱི་སྤུས་ཚད་ལ་སྔོན་དཔག་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་པ། བྱེ་རྡུལ་འཚུབ་པའི་གནམ་གཤིས་ལ་ཁ་གཏད་འཇལ་བའི་བརྒྱུད་རིམ་དང་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། གཏན་འཇགས་འབྱུང་ཁུངས་དང་ངོས་ཁུངས། སྒུལ་བདེའི་འབྱུང་ཁུངས་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་བཙོག་འབུད་ཧ་ཅང་དམའ་བའི་སྒྱུར་བཀོད་དང་། ཁྲོ་ཐབ་དང་ཐབ་དོང་བཅོས་སྐྱོང་གཏིང་ཟབ་བྱེད་པ། བཟོ་ལས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཕན་འབྲས་ཆུང་ཞིང་ནུས་པ་ཤོར་ཚར་བའི་སྦགས་བཙོག་འགོག་བཅོས་སྒྲིག་ཆས་ལ་རིམ་སྤོར་སྒྱུར་བཀོད་བྱེད་པ། གསར་དུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཚད་གཞི་ལག་བསྟར་ནན་ཏན་བྱེད་པ། གྲོང་ཁྱེར་དང་ཁུལ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་མཁའ་དབུགས་ཀྱི་སྤུས་ཚད་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།