བརྙན་འཕྲིན་ཟློས་གར《བླ་ཤིང》ཞེས་པ་གསར་རྩོམ་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས11ཉིན། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་། སྤྱི་བདེ་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་དང་། པེ་ཅིང་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་བརྗེ་རེས་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པའི་བརྙན་འཕྲིན་ཟློར་གར《བླ་ཤིང》ཞེས་པ་གསར་རྩོམ་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཚོ་ཧྲུའུ་རྨེན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཧན་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུན་ཅུན་མེན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཞུགས་མི་སྣས《བླ་ཤིང》གསར་རྩོམ་གྱི་འབུར་ཐོན་གནས་དང་རྒྱལ་ཁའི་ཉམས་མྱོང་། དོན་དངོས་ནང་དོན་དང་དངོས་ཡོད་བརྗོད་གཞིའི་བརྙན་འཕྲིན་ཟློས་གར་གསར་རྩོམ་ལེགས་པར་སྒྲུབ་པ་སོགས་དམིགས་སུ་བཟུང་སྟེ་བརྗེ་རེས་དང་བགྲོ་གླེང་བྱས།

ཚོགས་ཐོག་ཏུ་བསྟན་དོན། 《བླ་ཤིང》ལས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མངོན་ཡོད་ལ་དེ་ལག་ལེན་ཏུ་བསྟར་ཡོད། མི་རབས་གསུམ་གྱི་སྲུང་སྐྱོང་མཁན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དག་གཙང་སྲུང་སྐྱོང་བྱས་པའི་ཡིད་འགུག་གི་གཏམ་རྒྱུད་འཆད་པ་བརྒྱུད། སྔོ་ལྗང་རི་ཆུ་ནི་་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གལ་ཆེན་གསོན་ཉམས་ལྡན་པར་གསལ་འགྲེལ་བྱས་ཡོད། 《བླ་ཤིང》ཞེས་པ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྩེ་བ་རྣལ་མ་བརྗོད་ཅིང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་མངོན་ཐུབ་པའི་བརྩམས་ཆོས་ཀྱི་ཚད་ཤིང་ལྟ་བུ་ཡིན་ལ། བརྩེ་བ་ཟབ་མོ་དང་ཚགས་དམ་པའི་བརྙན་འཕྲིན་ཟློས་གར་ཡག་ཤོས་ཤིག་ཡིན་པ་མ་ཟད། ཕྱོགས་མང་མཐུན་སྦྱོར་དང་ཤུགས་མཉམ་འདོན་གྱིས་བརྩམས་པའི་གྲུབ་འབྲས་ཤིག་ཡིན་ལ། བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་འཛོམས་པས་འགུག་ཤུགས་དྲག་པོ་ལྡན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བརྙན་འཕྲིན་ཟློས་གར《བླ་ཤིང》ཅེས་པའི་རྒྱལ་ཁའི་ཉམས་མྱོང་སྤྱི་བསྡོམས་ཟབ་མོ་བྱེད་དགོས་ལ། བརྗོད་གཞི་འདེམ་པ་དང་གཏམ་རྒྱུད་བཟང་པོར་འཆད་པ། སྤུས་ལེགས་བརྙན་བསྐྲུན་གྱི་བྱ་བའི་བླང་བྱ་ལྟར། དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་ལ་བརྟེན་ནས་བརྗོད་གཞི་སྔོག་འདོན་དང་བརྗོད་གཞི་ཡང་དག་འཚོལ་ཞིབ་བྱེད་པ་དང་། ཡུལ་དུས་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་གཏམ་རྒྱུད་ལེགས་པོར་འཆད་དགོས། སྤུས་ཀ་ལེགས་པོ་དང་ཕུལ་བྱུང་འཚོལ་སྙེག་གི་རྣམ་འགྱུར་བཅངས་ཏེ་བརྩམས་ཆོས་སྤུས་ལེགས་བསྐྲུན་དགོས། མིང་དུ་གྲགས་ཤིང་ཁྱབ་སྤེལ་ཤུགས་ཆེ་བ། བློ་ངོར་འབབ་ཐུབ་པའི་སྤུས་ལེགས་བརྙན་འཕྲིན་ཟློས་གར་གང་མང་སྤེལ་དགོས་ཤིང་། རིགས་སོ་སོའི་དངོས་ཡོད་བརྗོད་གཞིའི་བརྩམས་ཆོས་ཁྱད་དུ་འཕགས་པ་གང་མང་ཞིག་གསར་རྩོམ་འགྲེམ་སྤེལ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 《བླ་ཤིང》ཞེས་པ་དྲ་ལམ་སོ་སོ་ནས་མིང་དུ་གྲགས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་དང་ཁས་ལེན་ཐོབ་པས། རིག་གནས་སྒྱུ་རྩལ་གྱི་མངོན་སྟངས་དང་འཕེལ་རྒྱས་ལག་ལེན་གྱི་མཉམ་འདྲེས་མངོན་འགྱུར་བྱུང་ཞིང་། མཛེས་པའི་མཚོ་སྔོན་དེ་སྣང་བརྙན་གྱི་མཚོན་རྟགས་ནས་བསམ་པའི་ཁྱིམ་གཞིས་སུ་བསྐྲུན་པ་མངོན་འགྱུར་བྱུང་ལ། རྒྱང་རིང་གི་ས་ཁམས་ཞེས་པའི་ཡུལ་གཞན་གྱི་ངོས་འཛིན་བྱེད་སྟངས་ནས་བརྩེ་སེམས་མཉམ་འདྲེས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། རིག་གནས་ཡིད་རྟོན་དེ་སེམས་སུ་དམ་པོར་བཅངས་པ་ནས་ལག་ལེན་གྱི་ཁྲོད་དུ་མངོན་པའི་བར་སྐུལ་འདེད་བཏང་ལ། རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་དེ་མཛེས་ཉམས་ལ་བལྟ་བ་དང་ཉམས་ལེན་ཟབ་མོ་བྱེད་པར་ཚུལ་སྒྱུར་བྱས་པས། བརྙན་འཕྲིན་ཟློས་གར་ཞིག་གིས་ས་ཕྱོགས་ཤིག་གི་རི་ཆུའི་མཛེས་པར་གསོན་ཉམས་བསྩོལ་བ་དང་ཡུལ་ཕྱོགས་ཤིག་གི་མི་སེམས་དྲོ་བར་བྱེད་པའི་ཕྱོགས་བསྡུས་ཕན་ནུས་མངོན་འགྱུར་བྱས་ཏེ། མཚོ་སྔོན་དུ་ཕྱོགས་སོ་སོ་དང་རིམ་པ་ཟབ་པའི་ཤུགས་རྐྱེན་ཟབ་མོ་ཐེབས་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།