ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་བྱེད་པའི་ལས་སྒོའི་བྱང་ཚད་སྔར་ལས་མཐོ་རུ་གཏོང་བ་དང་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གིས་ཟླ3པའི་ཚེས9ཉིན་ནས་ཚེས13ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ། དུས་ཡུན་ཉིན་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་སྒྲིག་གཞིའི་ལས་བྱེད་པ190ལྷག་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། “འཛིན་གྲྭ་འགོ་རྩོམ་པའི་སློབ་ཚན་དང་པོའི”སྐོར་ནས་གཏམ་བཤད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། དངོས་འཐབ་དངོས་སྤྱོད་ཀྱི་ཁྲིད་སྟོན་མངོན་གསལ་ཡིན་པ། ཐེངས་འདིའི་སྐོར་ཞིབ་བྱ་ཡུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། “གནས་ནས་གནས་བར་གྱི”གསོ་སྦྱོང་ལས་སྒོ་སྤེལ་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་སྡེ་ཁག་གི་འགོ་ཁྲིད་དང་ཆེད་མཁས་པ། དགེ་རྒན་ཆེན་མོ་བཅས་གདན་དྲངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་། བཟོ་ལས་གླིང་ཁུལ་འཛུགས་སྐྲུན། སྐོར་ཞིབ་འཕྲིན་བཅར་བདག་སྤྲོད་བྱེད་པ། གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་སློབ་ཁྲིད་བྱས་པ་དང་། སྐོར་ཞིབ་གཞུང་ལས་ཁང་ལས་སྒོ་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་རེས་སྐོར་འདིའི་སྐོར་ཞིབ་ཀྱི་ལྟ་སྐུལ་གཙོ་གནད་དང་བྱ་ཡུལ་ཁྱབ་ཁོངས། བྱེད་སྟངས་དང་བྱེད་ཐབས། གཙོ་གནད་ལས་ཀའི་བརྒྱུད་རིམ་བཅས་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྱོད་དོན་དོ་དམ་ཁང་དང་། ཆ་འཕྲིན་ལྟེ་གནས་སོགས་སྡེ་ཁག་གི་བློ་མཐུན་གྱིས་གནད་དོན་ཁུངས་སྣེ་ཡི་སྤུས་ཚད་མཐོ་རུ་གཏོང་བའི་ཐབས་ཇུས་དང་བྱེད་ཐབས་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་སྐོར་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་སྐོར་ནས་སློབ་ཁྲིད་བྱས། དུས་མཚུངས་སུ། ཚན་ཆུང་ནང་ཁུལ་གྱི་རང་བརྟེན་གསོ་སྦྱོང་ལ་ཤུགས་བསྣན་ནས། སྐོར་ཞིབ་ཚན་ཆུང་སོ་སོའི་དགོང་མོ་ཡི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མཛུབ་སྟོན་གང་ལེགས་བྱས་ཏེ། སྐོར་ཞིབ་མ་བྱས་གོང་གི་ཐུན་མོང་གླེང་མོལ་ཚོགས་འདུ་དང་། སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། སྐོར་ཞིབ་ཀྱི་གནས་ཚུལ་ཟློས་གར་ལ་བལྟ་བ། བགྲོ་གླེང་སྤེལ་རེས་བྱེད་པ། སྐོར་ཞིབ་ཀྱི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ལས་སྒོའི་ནུས་པ་ཆེ་རུ་བཏང་ནས། སྐོར་ཞིབ་ནང་ཞུགས་མཁན་གྱི་སྐོང་འཐེན་ལས་བྱེད་པས་གང་མགྱོགས་ལས་སྒོར་རྒྱུས་མངའ་ཡོད་པར་བྱེད་པ་དང་ལས་དོན་ནང་ཞུགས་པ། ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་འགན་ལེན་བྱས་ཏེ། རེས་སྐོར་འདིའི་སྐོར་ཞིབ་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བར་རྨང་གཞི་འདིང་དགོས།
གསོ་སྦྱོང་ནང་ཞུགས་མཁན་གྱི་རྒྱ་ཆེའི་མི་སྣས་མགྲིན་གཅིག་དབྱངས་གཅིག་གིས་བཤད་རྒྱུར། ད་ཐེངས་ཀྱི་གསོ་སྦྱོང་ལ་དམིགས་འབེན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བ། དངོས་སྒྲུབ་གོ་ཆོད་དང་ཞན་ཆ་གསབ་པ། གསོ་སྦྱོང་བྱས་པ་བརྒྱུད། ལས་སྒོའི་བྱང་ཚད་སྔར་ལས་མཐོ་རུ་ཕྱིན་པ་དང་ད་ཐེངས་ཀྱི་སྐོར་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད། མ་འོངས་བར་སློབ་སྦྱོང་གི་གྲུབ་འབྲས་སྐོར་ཞིབ་ལག་ལེན་ཁྲོད་བེད་སྤྱོད་གང་ལེགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་དང་འགན་འཁྲི་ཏན་ཏིག་ངང་བསྒྲུབས་ནས། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་བཟང་པོ་དང་ལས་ཀའི་ཕན་འབྲས་ནན་མོར་བརྟེན་ནས། རང་རེའི་ཞིང་ཆེན་གྱི་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།