རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“པུའུ་ཀྲང་རྒྱུ་ལམ”ཐེངས་གསུམ་པ་འཚོགས་ཤིང་། ཁྲིམས་འཛིན་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བཏབ།
ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧོ་རུང་གིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་བརྩམས་པའི་ལོ་ཡིན་ཞིང་། སྲིད་གཞུང་གི་ཁྲིམས་འཛུགས་བྱ་བས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་མཁོ་འདོན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཁྲིམས་འཛུགས་ཀྱིས་དམངས་འཚོར་སྔར་བས་འགན་ལེན་མངོན་གསལ་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧོ་རུང་གིས་བཤད་རྒྱུར། ད་ལོར་ཆུ་འདོན་སྲོལ་ཡིག་དང་སྨན་རྫས་དོ་དམ། བགྲོད་ལམ་སྐྱེལ་འདྲེན་དོ་དམ། སྡོད་ཁང་བདེ་འཇགས་དོ་དམ་བཅས་ཀྱི་ཐད་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་འབོར་དུང་ཕྱུར14ཚང་མར་དྭངས་གཙང་གི་ཆུ་དང་བློ་བདེའི་སྨན། བདེ་སྐྱིད་ཀྱི་སྡོད་ཁང་། དེ་བཞིན་བདེ་འཇགས་ཤར་བགྲོད་ཀྱི་བགྲོད་ལམ་བཅས་ཡོད་པར་བྱེད་དགོས་ཟེར།
རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཀོན་ཀྲི་ཨོའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྤུས་ལེགས་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་ཐད་རྨོ་ཞིང་དང་སྐྱེ་ཁམས་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་བཅས་ཀྱི་དམར་ཐིག་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བྱས་ནས། གྲོང་ཁྱེར་གྱི་གོ་རིམ་མེད་པའི་རྒྱ་སྐྱེད་དང་འཕེལ་རྒྱས་ལ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། དུས་མཚུངས་སུ་ཐོན་ཁུངས་བཀོད་སྒྲིག་གསར་གཏོད་ཐད་འབད་བརྩོན་བྱ་དགོས།
རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཀོན་ཀྲི་ཨོའུ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཙོ་གནད་ལས་གཞི་ལ་དམིགས་ཏེ། བར་སྟོང་འཆར་འགོད་ཀྱི་ཆོག་འཐུས་ལམ་ལུགས་བཙུགས་པ་བརྒྱུད་ནས། ས་ཞིང་དང་ནགས་ཤིང་། རྩྭ། རྒྱ་མཚོ། གཏེར་ཁ་བཅས་བཀོལ་བར་མཉམ་འགུལ་ཞིབ་བཤེར་ཆོག་མཆན་འགོད་བྱ་རྒྱུ་ཡིན་པ་དང་། ཞིབ་མཆན་འགོད་པའི་དུས་ཚད་ཉུང་དུ་བཏང་ནས་ང་ཚོའི་ལས་གཞི་གང་མགྱོགས་སྒས་དོན་འཁྱོལ་དང་སྔ་མོ་ནས་ལས་འགོ་འཛུགས་པ། སྔ་མོ་ནས་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་ཡིན་ཟེར།
སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱིPM2.5ཡི་གར་ཚད་རིམ་རྩིས་བྱས་ན20%མར་ཆག་པ་དང་སྦགས་བཙོག་ཚབས་ཆེན་བཟོས་པའི་ཉིན་གྲངས25%ཉུང་དུ་ཕྱིན། དེ་བཞིན་དུ་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ལེགས་ཀྱི་བསྡུར་ཚད་ལོ་གཉིས་ལ་བསྟུད་མར90%ལས་བརྒལ་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་། རྩ་ལག་མཉམ་བཅོས་བཅས་རྒྱུན་འཁྱོངས་ཀྱིས་རྩ་བ་བཅོས་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་སྟེ། འབྱུང་རྩ་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན།
སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་བཤད་རྒྱུར། ང་ཚོས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་ཏེ། མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་དག་རེ་རེ་ནས་འགོ་རྩོམ་དགོས་ཤིང་། མཛེས་སྡུག་ལྡན་པའི་ནམ་མཁའ་དང་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ། མཛེས་སྡུག་ལྡན་པའི་མཚོ་ཁུག མཛེས་སྡུག་ལྡན་པའི་གྲོང་ཁྱེར། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་རབ་མཛེས་ཀྲུང་གོ་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཟེར།
གཞན་ཡང་པུའུ་ཀྲང་གསུམ་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ་དང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་བྱེད་པསོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ།