རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་གྲུབ་བྱུང་རྗེས། ཚེས12ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ཚོགས་ཆེན་ལས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་བཀོད། ཚོགས་ཆེན་ལས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་བྱ་བའི་བསྒྲུབས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བྱས་པའི་བསམ་འཆར་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་ཨང་70པ་དང་། ཨང་71པ། ཨང་72པ། ཨང་73པ་བཅས་ལ་མིང་རྟགས་བཀོད།

ཕྱི་དྲོའི་དུས་ཚོད3གྱི་སྟེང་མཇུག་སྒྲིལ་ཚོགས་འདུ་འགོ་བརྩམས་ཤིང་། མཇུག་སྒྲིལ་ཚོགས་འདུ་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་འགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་། ཝང་ཏུང་མིང་། ཞའོ་ཅེ།  ཀྲེན་ཅན་པང་། ཏིན་ཀྲུང་ལི། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིན། ཕེང་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་·ཀྲ་ཁེ་འར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕིང་དང་ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

གྲོས་ཚོགས་ལ་འཐུས་མི2878ཞུགས་དགོས་པ་དང་། འཐུས་མི2762ཞུགས་ཡོད་ལ། མ་ཞུགས་པའི་མི་གྲངས116། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

གྲོས་ཚོགས་ལས་བརྡས་ཐག་གཅོད་པ་བརྒྱུད་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་བྱ་བ་སོ་སོ་ཁས་ལེན་གང་ལེགས་བྱས་ཏེ། སྙན་ཞུའི་ནང་བཏོན་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དམིགས་འབེན་གཙོ་བོ་དང་། ལས་འགན་གལ་ཆེན། 2026ལོའི་བྱ་བའི་བཀོད་སྒྲིག་བཅས་ལ་འཐད་པ་བྱུང་ཞིང་། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད།

གྲོས་ཚོགས་ལས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན།  གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་འཐད་པ་བྱུང་སྟེ།  འཆར་འགོད་རྩ་གནད་དེར་ཆོག་མཆན་འགོད་རྒྱུའི་གཏན་འབེབས་བྱས། གྲོས་ཚོགས་ལས་བླང་བྱ་བཏོན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ། བཅོས་སྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྩ་བའི་འགན་སྲུང་དུ་བྱས་ནས།  དཔལ་འབྱོར་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་སྟེ།  སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང2026ལོའི་ཟླ8པའི་ཚེས15ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས2026ལོའི་ཟླ7པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ལ།  རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

གྲོས་ཚོགས་ལས་བརྡས་ཐག་བཅད་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ཞིང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད།  2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིར་ཆོག་མཆན་བཀོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2026ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཆོད་དོན་ལས་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་བཏོན་པའི་རྗེས་ཕྱོགས་ལོ་གཅིག་རིང་གི་ལས་འགན་ལ་འཐད་པ་བྱུང་སྟེ། སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུའི་ཐག་བཅད་པ་བསྟན།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ནས་སྙན་ཞུ་དེ་གཉིས་ལ་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་ལས་དོན་བསྒྲུབས་ཚུལ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་གྲོས་གཞི་སྐོར་གྱི་སྙན་ཞུའི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

དེའི་རྗེས་སུ། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་། ཁོང་གིས་གསུང་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་ཁག་ལེགས་པར་གྲུབ།  གྲོས་ཚོགས་ལས་དམངས་གཙོ་དར་སྤེལ་དང་བློ་བསྡུ་དགེ་འཚོལ་གྱི་རྒྱུན་བསྐྱངས་པ་དང་། ཁྲིམས་ལྟར་ལས་དོན་ནན་སྒྲུབ་བྱས་ནས་གཅིག་མཐུན་ལྟ་བ་ཆེན་པོ་གྲུབ་པས། སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་དོན་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས། ཁྲིམས་བཀོད་འགན་འཁྲི་ལག་བསྟར་ནན་མོ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་སོགས་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་ལོ་འཁོར་གྱི་འཆར་གཞི། སྔོན་རྩིས་བཅས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་ཅིང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། གྲོས་ཚོགས་ཀྱི་གྲུབ་འབྲས་ཀྱིས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱུང་ཡོད་པ་མཚོན་པ་མ་ཟད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་མཐུན་སྒྲིལ་འབད་འཐབ་དང་དུས་བསྟུན་མདུན་སྐྱོད་སྒོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་བའི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་མངོན།

ཀྲའོ་ལེ་ཅི་ཡིས་ལོ་ལྔའི་འཆར་འགོད་གཏན་ཁེལ་དང་ལག་བསྟར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཡིན་པ་གསུང་།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ལག་བསྟར་བཟང་བོ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཀྲའོ་ལི་ཅི་ཡིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སོ་སོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་ངེས་གནས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན། དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཐབས་ཡང་དག་ངང་ཁོང་དུ་ཆུད་པར་བྱས་ཏེ། ཐེངས་འདིའི་ཚོགས་ཆེན་གྱི་བཀོད་སྒྲིག་ལྟར། ཏན་ཏིག་དང་ནུས་ལྡན་ངང་བྱ་བ་སོ་སོ་ལེགས་པོར་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་པར་འབད་བརྩོན་བྱས་ཏེ། གོམ་པ་རེ་རེ་བཞིན་བརྗིད་ཉམས་ཆེ་བའི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས།

ཀྲའོ་ལི་ཅི་ཡིས་གསུང་རྒྱུར།  ང་ཚོས་དམངས་ཆེན་གྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་ཏན་ཏིག་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་དགོས། དམངས་ཆེན་འཐུས་མིས་ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་མཚོན་པར་བྱས་ནས།  ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་རང་ཉིད་ཀྱི་ལས་གནས་སྟེང་ནུས་ཤུགས་འདོན་པ་དང་བྱས་རྗེས་འཇོག་དགོས།

ཀྲའོ་ལི་ཅི་ཡིས་མཇུག་མཐར་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློའི་ངེས་ཤེས་བསྐྱེད་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས“འདུ་ཤེས་བཞི”ལ་ཤུགས་སྣོན་པ་དང་།  “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ནས།  བློ་གཅིག་སེམས་གཅིག་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། བདེན་འཚོལ་དངོས་གཉེར་བཅས་བྱས་ནས། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འཇོག་པ་དང་། དོན་དངོས་སྒྲུབ་པར་སྲིད་འབྲས་འཇོག་གང་ཐུབ་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་དུ་རྣམ་པ་གསར་པ་གཏོད་དགོས།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་པ་ད་དུང་ཝང་དབྱི། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་སྨི་ཨར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་སོགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས།  དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་འཁུར་པ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ནས་ཉན།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཉན།

ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40སྟེང་ཀྲའོ་ལི་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་མཇུག་བསྒྲིལ་ཞེས་ཁྱབ་བསྒྲགས་གནང་།  ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།