རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་ཟླ3པའི་ཚེས11ཉིན་ཨུ་ཡོན་རྒྱུ་ལམ་ཐེངས་གསུམ་པའི་འགོ་བརྩམས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན8ཀྱིས་གསར་འགོད་པའི་གཅིག་བསྡུས་བཅར་འདྲི་དང་ལེན་བྱས།
རིག་རྩལ་དང་སློབ་གསོའི་ལས་དོན་པ་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཞིན་ཚའོ་ཡིས་ཐེངས་མང་པོར་ཚོགས་པའི་སྣེ་ཁྲིད་དེ་ཕྱི་རྒྱལ་དུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་མང་བྱས་ཤིང་། མི་རིགས་རོལ་དབྱངས་ཁྲོད་འདུས་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྙིང་སྟོབས་བརྒྱུད་དེ། འཛམ་གླིང་ལ་ཀྲུང་གོར་སྔར་ལས་ལེགས་པའི་སྒོ་ནས་ཤེས་རྟོགས་བྱེད་དུ་བཅུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཞིན་ཚའོ་ཡིས་བཤད་རྒྱུར། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འཕར་ཚད་མགྱོགས་ཤོས་ཀྱི་རོལ་དབྱངས་ཁྲོམ་རའི་གྲས་ཤིག་ཏུ་གྱུར་ཡོད། ང་ཚོས་སྒྲུབ་དགོས་པ་ནི་ཟོལ་མེད་དང་སྒྱུ་རྩལ་ལ་བརྟེན་ནས། འཛམ་གླིང་ལ་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་ནས་སྒོ་འབྱེད་དང་རང་རྟོན་ལྡན་པའི་ཀྲུང་གོར་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་དེ་ཡིན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེང་ཡུས་ཀྲེན་གྱིས་རང་ཉིད་གྲོང་གསེབ་ཏུ་གཞི་ཚུགས་ནས་ལོ30ལྷག་འགོར་བའི་རིང་། ལིའུ་ཀྲའེ་སྡེ་བའི་ཡུལ་མི་ཚོའི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད་དང་། དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་སྤེལ་བར་དུ་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་གནས་ཚུལ་གླེང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེང་ཡུས་ཀྲེན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་པོར་བརྟེན་པར་མ་ཟད། ཡུལ་མི་ཚོས་དཀའ་སྤྱད་དངོས་སྒྲུབ་བྱས་པ་བརྒྱུད། 2016ལོར་སྡེ་བ་ཧྲིལ་པོར་དབུལ་ཐར་བྱུང་ལ། ད་སྐབས་ང་ཚོའི་སྡེ་བའི་(ལོ)མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་ལྔ་ལས་བརྒལ་ཡོད། ཡུལ་མི་སྤུན་ཟླ་ཚོས་སྤོབས་སེམས་དང་བཅས་ཏེ་ང་ཚོས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་ལ། དུས་རབས་བཟང་པོར་འཕྲད་པས། ང་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ཟེར།
ཨའོ་མོན་ནས་ཐོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ཅི་མེན་གྱིས་བཤད་རྒྱུར། མེས་རྒྱལ་གྱི་པང་དུ་ལོག་ནས་ལོ26འགོར་བའི་རིང་ལ། ཨའོ་མོན་གྱི་མཐོ་རིམ་སློབ་གྲྭའི་ཚན་ཞིབ་མི་སྣ་ཡང་སྐབས་དེའི་མི13ནས་མི1773བར་ཇེ་མང་དུ་ཕྱིན་ཡོད་པ་དང་འཕར་ཚད་ལྡབ136ཡིན། མིག་སྔར་ཀྲུང་ལུགས་གསོ་རིག་སྨན་རྫས་དང་གློག་རྡུལ་ཕྲན་བུ། རིག་ནུས་གྲོང་ཁྱེར་ཟོག་སྦྲེལ་དྲ་བ། ཟླ་བའི་གོ་ལ་དང་རྒྱུ་སྐར་ཚན་རིག་བཅས་དང་འབྲེལ་བ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང4བསྐྲུན་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ཅི་མེན་གྱིས་བཤད་རྒྱུར། མཐོ་རིམ་སློབ་གྲྭ་དང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་ནང་ཞུགས་པ་བརྒྱུད། ན་གཞོན་ཚན་རིག་པ་ཁག་ཅིག་མགྱོགས་མྱུར་ངང་འཚར་ལོངས་བྱུང་བ་དང་། རྒྱལ་སྤྱིའི་ཚན་རིག་པ་རྩེ་གྲ་སྔར་ལས་མང་བ་ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་མོ་རུ་གཞི་ཚུགས་པར་འགུག་འདྲེན་བྱེད་བཞིན་ཡོད་པས། ཚང་མས་རྒྱལ་ཁབ་ཀྱི་ཚན་རྩལ་སྟོབས་ཤུགས་ཆེན་པོར་བཅངས་པའི་བརྩེ་དུང་དང་སྤོབས་སེམས་ཆེས་ཆེར་འཕེལ་ཡོད།
ཚེས་བཅུ་གཅིག་ཉིན་གྱི“ཨུ་ཡོན་རྒྱུ་ལམ”དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུས་ཁུན་དང་ལིའུ་ཁྲེང་ཡུང་། ཚུའེ་ཧེ་དབྱང་། ཐུའུ་ཧའེ་མིང་། ཞུས་ཁི་ཝེ་བཅས་ཀྱིས་སོ་སོར་སློབ་གསོ་ཚན་རྩལ་གསར་གཏོད་དང་གྲངས་ཀའི་དུས་རབས་ཀྱི་བསྟན་བཅོས་བེད་སྤྱོད། བཙུད་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན། ཞང་ཀང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ངོགས་གཉིས་ཀྱི་ན་གཞོན་གྱི་བརྗེ་རེས་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ།