རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་རྒྱུ་གཙོ་གནད་དུ་བྱས་ཏེ། མི་རིགས་སོ་སོའི་དབར་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གང་ལེགས་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་གཅིག་ལྟར་མཐུན་པའི་དབང་གིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་ནི། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་བརྟན་པོ་དང་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་རྨང་རྟེན་བཀན་མོ། བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་བླ་སྲོག་གནས་ས་བཅས་ཡིན། བསྟུད་མུར་ཉིན་འགའི་རིང་ལ། འཐུས་མི་དང་ཨུ་ཡོན་ཚོས་བརྗོད་དོན་དེར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་ཟབ་མོ་བྱས།
འཐུས་མི་ཀུའོ་ཅིན་ཕིང་གིས་བཤད་རྒྱུར། མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། གཞི་རིམ་གྱི་དོན་དངོས་ནས་རྐང་ཚུགས་པར་བྱས་ཏེ། བྱ་སྤྱོད་ནན་མོ་སྤེལ་ནས་མི་རིགས་སོ་སོའི་བར་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་། ང་ཚོས་མུ་མཐུད་དུ་སློབ་གསོ་དྲང་བདེན་ཡོང་བར་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གནད་འགག་གི་གཞི་འཛིན་སར་བརྩིས་ནས། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་ཉལ་ཁང་ཉམས་གསོའི་ཞན་ཆ་ལ་དམིགས་ཏེ། ཐབས་འདོན་ཇུས་འབུལ་ཧུར་ཐག་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། སློབ་གྲྭའི་སྒྱུར་བཀོད་རྣམ་གྲངས་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གཉེར་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་བཏང་ནས། མཐོ་སྒང་གི་མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་བདེ་འཇགས་ཡིན་ལ་དྲོ་སྐྱིད་ལྡན་པའི་ངང་ནས་སློབ་གྲྭའི་ནང་སློབ་གཉེར་བྱས་ཏེ་འཚར་ལོངས་ཡོང་བ་དང་ཕུགས་འདུན་དོན་གཉེར་སྒོས་མུ་མཐུད་མདུན་སྐྱོད་བྱེད་ཐུབ་དགོས། དམིགས་བསལ་བྱིས་པའི་ཚོགས་སྤྱིར་སེམས་རྣལ་དུ་ཕབ་ནས་གཅེས་སྐྱོང་བྱེད་པ་དང་། ཞིང་ཆེན་ཕྱི་རོལ་གྱི་འཐུས་མི་དང་སྨན་བཅོས་ཚོགས་པ་མཉམ་འགུལ་བྱས་ནས། ཞིང་ཆེན་ལས་བརྒལ་བའི་རོགས་སྐྱོབ་རོགས་སྐྱོར་སྟེགས་བུ་བསྐྲུན་ཏེ། སེམས་ཁམས་དྲོ་བའི་ཞབས་ཞུར་བརྟེན་ནས་མི་རིགས་ཀྱི་བརྩེ་དུང་གི་བར་ཐག་ཇེ་ཉེར་བཏང་སྟེ། སློབ་གསོ་དོ་སྙོམས་ཀྱིས་མི་རིགས་སོ་སོའི་ལོ་ཆུང་བྱིས་པར་ཀུན་ཕན་ཡོང་བ་བྱས་ཏེ། ལོ་ཆུང་གཞོན་ནུ་ཚོའི་རྒྱལ་ཁབ་ཀྱི་བརྩེ་བ་དང་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་འཛུགས་དགོས། དུས་མཚུངས་སུ། མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པས་དགོ་དམར་སྐྱོབ་བཅོས་དང་མདོ་ལ་རི་བོའི་དོ་དམ་པས་སྐོར་གཡེང་གི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་སྔར་ལས་ཡག་པོ་འཆད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་གཏོང་བ་དང་མཐུན་སྦྱོར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་བརྩེ་སེམས་གཅིག་མཐུན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རང་འགུལ་ངང་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། གཞི་རིམ་གྱི་ལག་ལེན་གཡུལ་ས་བེད་སྤྱོད་ཡག་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་ཟབ་སྤེལ་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཐུན་མོང་ཚོགས་པའི་འདུ་ཤེས་ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། སློབ་གྲྭ་འཛུགས་སྐྲུན་ནས་རྩྭ་ཐང་སྲུང་སྐྱོང་བར་དང་། དམངས་འཚོ་འགན་ལེན་ནས་སྐྱེ་ཁམས་སྲུང་སྐྱོང་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་དོན་གྱི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་། བསམ་པ་རྣམ་དག་དང་བརྩེ་སེམས་ཟོལ་མེད་ལ་བརྟེན་ནས་དམངས་ཕན་གྱི་དོན་དངོས་ཡག་པོ་སྒྲུབ་པ། མི་རིགས་སོ་སོ་སེ་འབྲུ་རྡོག་པོ་ལྟར་དམ་པོར་འབྲེལ་བ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མདོ་ལ་རི་བོའི་འདབས་རོལ་ནས་ལྷུག་པོར་བཞད་དུ་འཇུག་དགོས་ཟེར།
འཐུས་མི་མ་ཧྲི་ཀུང་གིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་གནད་ཡིན་ལ། གཞི་རིམ་འཕེལ་རྒྱས་དང་བརྟན་བརླིང་ཡོང་བྱེད་ཀྱི་རྩ་བའི་གཞི་འཛིན་སའང་ཡིན། ཏང་འཛུགས་སྣེ་འདོམས་དེ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། “ཞི་མཐུན་ འདུམ་འགྲིག་ཁང་”སོགས་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ། འགལ་བ་སེལ་བ་དང་སྲིད་ཇུས་སྒྲོག་འགྲེལ། དམངས་འདོད་བསྡུ་ལེན་བཅས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་གཞི་གཅིག་ཏུ་འདྲེས་པར་བྱེད་དགོས། རང་སྐྱོང་དང ཁྲིམས་སྐྱོང་། སྤྱོད་བཟང་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་རྣམས་ཁྱམས་འོག་གཅིག་གི་འོག་དང་ས་གཞི་གཅིག་གི་སྟེང་ནས་འཆམ་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་མཛའ་མཐུན་ཡོང་བར་བྱེད་དགོས། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་རྐང་བཙུགས་ཏེ། འཐེན་ཐུག་དཔལ་འབྱོར་དེ་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ཡོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་བརྩིས་ནས། འཐེན་ཐུག་དཀར་ཡོལ་གང་གིས་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཡུ་གུར་རིགས། ཟ་ལར་རིགས་སོགས་མི་རིགས་མང་པོ་དམ་པོར་སྦྲེལ་ཏེ། ཚང་མས་ཕན་ཚུན་རོགས་རེས་དང་མཉམ་སྒྲིལ་འཕེལ་རྒྱས་བཏང་བར་བརྟེན། མཉམ་དུ་འབད་འཐབ་དང་ཐུན་མོང་ཕྱུག་འགྱུར་ཡོང་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ངང་གིས་གྲུབ་པར་བྱས་ཡོད། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྤུས་རྟགས་སྟོབས་ལྡན་དུ་གཏོང་བ། འབྲེལ་ཐག་སྣུར་སྲིང་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་པ་དང་། མིག་མཐོང་ལག་ཟིན་གྱི་ཐོབ་ཚོར་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་གཅིག་ཡིན་པའི་ངོས་འཛིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཞུན་ཧྭ་ནི་མི་རིགས་མང་པོ་འདུས་སྡོད་ས་ཁུལ་ཞིག་ཡིན་པར་བརྟེན། མི་རིགས་སོ་སོས་ཕན་ཚུན་བར་འགྲོ་འོང་རྒྱ་ཁྱབ་དང་ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མི་རིགས་ཁག་སོ་སོས་ཕན་ཚུན་བར་མཛའ་མཉེས་ཀྱི་བསམ་པ་འཛིན་པ་དང་སོ་སྲུང་རོགས་རེས་བྱེད་པའི་གཏམ་རྒྱུད་ཡག་པོ་བཤད་དགོས། རང་རྟོགས་སྒོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། རང་ཉིད་ཀྱི་མིག་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་དོན་གཉེར་བྱེད”པའི་བསམ་སྦྱོར་གཞི་རིམ་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྣམ་པར་རྒྱས་པར་བྱེད་དགོས་ཟེར།
ཨུ་ཡོན་ཨོ་ཁྲུང་རུང་གིས་བཤད་རྒྱུར། རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་བར་རྒྱུད་དུ། རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་རིགས་སོགས་མི་རིགས་མང་པོ་འདུས་ཡོད། མི་རིགས་སོ་སོ་ཁྲག་རྒྱུན་གཅིག་འདྲེས་དང་དད་སེམས་གཅིག་མཐུན། རིག་གནས་མཉམ་འདྲེས། དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན། བརྩེ་དུང་གཅིག་འདུས་བཅས་ཡིན་པར་བརྟེན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་བཙན་ས་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ཚུད་པའི་རྫོང་དང་གྲོང་ཁྱེར། ཆུས་བཅས་ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་བཙུགས་ནས། ཁྱབ་ཁོངས་ཡོངས་སུ་ཁྱབ་པ་དང་ཁྱོན་ཡོངས་ཚད་གཞིར་སླེབས་ཡོད། རྒྱལ་ཁབ་རིམ་པའི་ངོས་ནས་གཅིག་གྱུར་འཆར་འགོད་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ས་ཆས་ཕྱོགས་ཡོངས་ནས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ”སྔར་ལས་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ལས་དོན་གྱི་གཙོ་གནད་དེ་མཚོ་སྔོན་ས་ཆའི་སྐྱེ་ཁམས་ཤེས་རིག་གི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཁྲོད་ཟབ་འཇུག་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ས་ཆའི་ཁྱད་ལྡན་རྣམ་གྲངས་ཐོན་ལས་ལ་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་མ་དངུལ་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བའི་ཐད་ཀྱི་ཡུལ་སྐོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ས་ཆའི་འབྲེལ་ཡོད་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་ལེགས་སྒྲིག་དྲིལ་སྒྲོག་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་དགོས་པར་མ་ཟད། མུ་ཏིག་གཅིག་སྦྲེལ་བྱས་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི“ཞིང་ལས་དང་རིག་གནས། ཡུལ་སྐོར། ཚོང་ལས། ལུས་རྩལ”བཅས་ཁྱོན་ཡོངས་ནས་ས་ཁོངས་ལས་བརྒལ་བའི་ངང་ནས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། “གྲངས་འབོར་མདུན་གྲལ་དུ་སླེབས་པ”ནས“སྤུས་ཚད་ཀྱིས་སྣེ་ཁྲིད་བྱེད་པའི་”ཕྱོགས་སུ་བསྒྱུར་རྒྱུ་དང་། “གནས་མང་དཔེ་སྟོན”ནས“འབབ་རྒྱུད་ཀྱི་ཚད་ཤིང་”ཕྱོགས་སུ་བར་བརྒལ་བྱས་ཏེ། གཙང་པོའི་འབབ་རྒྱུད་ཀྱི་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བསྐྲུན་པར་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱེད་དགོས་ཟེར།