མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚན་ཆུང་བགོས་ནས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ལས་རིགས་སོ་སོས་དོ་ཁུར་བྱེད་ཀྱིན་པའི་གྲོས་གཞིར་དམིགས་ནས་གྲོས་མོལ་གྲོས་བསྡུར་བྱས་པ་དང་། ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཝང་ཁུན་སོ་སོར་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་རིགས་སོ་སོའི་ཚོགས་འདུར་ཞུགས་ནས། ཚོགས་འདུའི་བརྗོད་དོན་དང་ཟུང་འབྲེལ་དང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་གང་ལེགས་བྱས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གྲོང་གསེབ་དར་སྤེལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་དམིགས་ཏེ་བཤད་རྒྱུར། གྲོང་གསེབ་དར་སྤེལ་དང་རྒྱལ་ཁབ་དར་རྒྱས། གྲོང་གསེབ་སྟོབས་ལྡན་བཅས་སུ་ཕྱིན་པ་ཡིན་ན། གཞི་ནས་དེང་རབས་ཅན་སྟོབས་ལྡན་དུ་འགྲོ་ཐུབ་པ་ཡིན། 2021ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ནན་མོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ2021ལོའི་སྒོར13604ནས2025ལོའི་སྒོར17721བར་ཇེ་མཐོར་སོང་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་གཉིས་བྱེ་བ་གཉིས་འབུམ་བདུན་ཟིན་ནས། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དང་། དཔྱིད་ཀའི་ལོག་དཀར་གྱི་རྒྱུད་འདྲེས་ས་བོན་བཟོ་བའི་རྟེན་གཞི། ནས་ལས་སྣོན་རྟེན་གཞི། ཆུ་གྲང་ཉ་ཐོན་སྐྱེད་རྟེན་གཞི། སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་བཅས་སུ་གྱུར་ཡོད་ལ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་གཅི་པུ་དེའང་ཡིན་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་། དབུལ་ཐར་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་སྨན་ཁང་དུ་བསྡད་ནས་འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་བྱེད་ཚད། གྲོང་གསེབ་ཀྱི་གློག་དྲའི་གློག་མཁོ་འདོན་བློ་གཏད་ཆོག་པའི་ཚད་སོགས་དམིགས་ཚད་མང་པོ་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྔར་ལས་སྟབས་བདེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔའི”རིང་ཐོན་ལས་རོགས་སྐྱོར་བྱ་སྤྱོད་སྤེལ་རྒྱུ་དང་། མི་རིགས་ས་ཁུལ་གྱིས་ཡུལ་གཞན་ནས་སློབ་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་པ། རོགས་སྐྱོར་རོགས་ལས་ཀྱི་ཁྱབ་ཁོངས་ལེགས་སྒྲིག་བྱེད་པ་སོགས་ཀྱི་ཐད་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ཡོང་བར་སྔར་ལས་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན།

ཨུ་ཡོན་ཝང་ཁུན་ལས་རིགས་སོ་སོའི་གྲོས་གཞིར་ཞུགས་སྐབས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ནི་ས་གནས་དེའི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། གནད་འགག་གི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་ཚུལ་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད། གནམ་གཤིས་འགྱུར་ལྡོག་གི་སྣང་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ཏེ། གཅིག་གྱུར་གྱི་ཚན་ཞིབ་ལས་སྟེགས་བཙུགས་ནས། ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།