ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི2026ལོའི་སྲོལ་རྒྱུན་དཔྱིད་རྨོའི་རིག་གནས་ཀྱི་མཛད་སྒོ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན། ལ་ཟྭེ་བ་གྲོང་རྡལ་གྱི2026ལོའི་སྲོལ་རྒྱུན་དཔྱིད་རྨོའི་རིག་གནས་མཛད་སྒོ་རྫོང་མགོ་སྡེ་བ་ནས་བསྡུས་པ་རེད། ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་སྡེ་མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཤིང་། རང་ཁྱིམ་ནས་བསྲེག་པའི་དབྱིབས་དང་ཁ་དོག་མཛེས་པའི་ཀོ་རེ་སྣ་ཚོགས་ཞིང་ཁར་བཀྲམ་པ་དང་། གླང་གཉིས་ལ་ཐོང་གཤོལ་བཏེགས་ནས་ད་ལོའི་དཔྱིད་རྨོའི་ཐོང་འབྱེད་ཆོ་ག་ཐོག་མ་སྤེལ་བ་རེད།

ཐོང་འབྱེད་ཆོ་ག་སྤེལ་བ་འདིས་ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་གྱི་ཁྱིམ་ཚང་རེ་རེ་ཡིས་ལོ་གཅིག་གི་ཞིང་ལས་མགོ་བརྩམས་པ་མཚོན་ལ། ས་ཆ་འདིའི་མི་དམངས་མང་ཚོགས་ཀྱིས་སྲོལ་རྒྱུན་ཞིང་ལས་ཀྱི་ཆོ་ག་འདིར་བརྟེན་ནས་ད་ལོར་ལོ་ལེགས་བཟང་པོ་ཞིག་སྨིན་པར་རེ་བ་རྒྱག་བཞིན་པའང་མཚོན་ཡོད། སྡེ་མི་རྣམས་ཀྱིས་རེ་འབོད་དང་ཁ་གཡང་སྒྲོག་ཞོར། རྨོ་ཕྱུགས་ཁྲིད་དེ་ས་བོན་གཏོར་ནས། ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད། ཞིང་སའི་ཟུར་གཅིག་ཏུ་ཞིང་ལས་འཕྲུལ་ཆས་ཀྱིས་ལྡིར་སྒྲ་སྒྲོགས་ཞོར་ས་ཞིང་ལ་ཡུར་བུ་བཏོད་བཞིན་ཡོད་པས། དཔྱིད་ཀས་ས་གཞི་ཆེན་པོའི་མི་རྣམས་ལ་ཡིད་སྨོན་གྱི་སྟོབས་ཤུགས་ཤིག་བསྩལ་ཡོང་།

ཐོང་ཁ་ཕྱེས་པའི་བྱེད་སྒོ་མཇུག་རྫོགས་རྗེས། བུད་མེད་རྣམས་ཀྱིས་རང་གིས་བསྲེག་པའི་ཚོན་ལྡན་ཀོ་རེ་ཞིང་ཁར་ཁྱེར་ཡོང་ནས་འགྲན་སྡུར་སྤེལ་བཞིན་ཡོད། གྲལ་འགྲིག་པོར་བསྒྲིགས་པའི་ཀོ་རེ་ལེབ་མོ་དང་ཚོན་མདོག་ཅན། ཟས་ཅོག་སྟེང་གི་རྒྱུན་དུ་བཟའ་ཐུབ་པའི་ཀོ་རེ་དེ་ལོངས་སྤྱོད་བྱེད་ཐུབ་ལ་བཟའ་ཡང་ཐུབ་པའི་སྒྱུ་རྩལ་ཐོན་རྫས་ཤིག་ཏུ་གྱུར་ཡོད།

ཁྲི་ཀ་རྫོང་ལ་ཟྭེ་བ་གྲོང་རྡལ་རྫོང་མགོ་སྡེ་བའི་ལོ་ཡག་འབོད་མཁན་ཚེ་དབང་རིག་འཛིན་གྱིས་བཤད་རྒྱུར། ང་ཚོས་དཔྱིད་རྨོ་དུས་ཆེན་འདི་དང་བསྟུན་ནས་རེ་བའི་ས་བོན་འདེབས་པ་དང། རང་གི་རྩོལ་བར་བརྟེན་པ་དང་ཏང་གི་བྱམས་བརྩེ་ཐུགས་ཁུར་འོག མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་བསྐྲུན་རྒྱུ་ཡིན་ཟེར།

རྨོ་ལས་ཐོང་ཁ་ཕྱེས་པའི་བྱེད་སྒོ་དེ་ནི་ཁྲི་ཀ་རྫོང་གི་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཡིན་པ་དང་། བོད་རིགས་མང་ཚོགས་ཀྱིས་ལོ་ངོ་སྟོང་གི་ཞིང་རྨོ་བའི་རིག་གནས་རྒྱུད་འཛིན་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་པས། སྔོན་བྱོན་པ་རྣམས་ཀྱིས་ཞིང་ལས་འཚོ་བའི་ཕྱོགས་སུ་བསྒྱུར་བ་དང་། རྒྱ་བོད་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་ཡིན་པའང་ར་སྤྲོད་བྱས་ཡོད། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཞིང་རྨོ་བའི་འཕྲུལ་ཆས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་མོད། འོན་ཀྱང་བ་མཛོ་གཉིས་ཀྱིས་དཔྱིད་ཀྱི་ཐོང་གཤོལ་དང་པོ་ཕྱེས་པའི་སྲོལ་རྒྱུན་གྱི་བྱེད་སྟངས་ཐོག་མཐའ་བར་གསུམ་དུ་སོར་ཉར་བྱས་ཡོད་ལ། སྲོལ་རྒྱུན་དང་དེང་རབས་ཀྱི་རྨོ་ལས་བྱེད་སྟངས་དེ་བྱེད་སྒོའི་ཐོག་ཕན་ཚུན་འདྲེས་ནས་ཞིང་རྨོ་བའི་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱས་ཡོད། ད་ལྟའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་འདི་རང་ས་གནས་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་དབང་ཆེན་གྱིས་ལོ་གསར་པའི་ནང་རང་རེའི་གྲོང་རྡལ་གྱིས་ཐེངས་འདིའི་དཔྱིད་རྨོ་རིག་གནས་དུས་ཆེན་དེ་གོ་སྐབས་སུ་བཟུང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བརྟེན་ནས་དུས་རབས་གསར་པའི་རྒྱང་བསྐྱོད་ཀྱི་ལམ་ཚད་གསར་པའི་ནང“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལས་འགན་ཏན་ཏིག་ངང་ལེགས་པར་བསྒྲུབ་རྒྱུ་ཡིན་ལ། རང་རེའི་རྫོང་དེ་མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་དཔེ་རྫོང་དང་དཔེ་སྟོན་རྫོང་བཅས་སུ་འཛུགས་བསྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།