མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་སྤུན་ཟླ་ཚོར་བསྐུར་བའི་འཚམས་འདྲིའི་འཕྲིན་ཡིག

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་སྤུན་ཟླ་ཚོ།

རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས116པ་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན།

2025ལོར“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་ཡོད། བརྒྱུད་ཟིན་པའི་ལམ་བུར་ཕྱིར་མིག་འཕངས་ཚེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་བའི་ངང་ནས་མདུན་སྐྱོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ནས། དཀའ་ཁག་ཅི་ཙམ་ཆེ་རུང་དཔའ་མ་ཞུམ་པར་མུ་མཐུད་མདུན་སྐྱོད་བྱས་པ་དང་། འབད་འབུངས་ཁྲོད་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། བདེན་སྒྲུབ་ལ་བརྟེན་ནས་གྲུབ་འབྲས་ཁུར་དུ་ལྕི་བ་བླངས་ཡོད། སྤྱིར་བཏང་མིན་པའི་སྐྱོད་ལམ་དེའི་སྟེང་། རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་བུད་མེད་ཀྱི་སྤོབས་པ་དང་འགན་འཁུར་བའི་བྱེད་ཕྱོགས་ལ་བརྟེན་ཏེ་མི་སེམས་རྨང་ནས་སྒུལ་བྱེད་ཀྱི་གཏམ་རྒྱུད་གང་མང་བྲིས་མྱོང་ཡོད་ཅིང་། ཁྱེད་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེས་མདུན་གྲལ་དུ་རང་གི་གོམ་སྟབས་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ཀྱི་ལྗིད་ཚད་འཇལ་ཡོད་ལ། དཔལ་འབྱོར་འཛུགས་སྐྲུན་གྱི་རླབས་རྒྱུན་ཆེན་མོའི་ཁྲོད་དུ་རང་གི་འབད་འཐབ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བླངས་ཡོད་ཅིང་། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ཆེན་མོའི་ཁྲོད་དུ་བསམ་པ་གཅིག་མཐུན་གྱི་མཛེས་པའི་རི་མོ་བྲིས་ཡོད་ལ། གྲོང་གསེབ་དར་སྤེལ་གྱི་འཐབ་ཕྱོགས་དང་པོ་རུ་རང་གི་སྤྲོ་སེམས་ལ་བརྟེན་ནས་རེ་བའི་འོད་སྣང་ཕྱོགས་སུ་སྦར་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་ཞིབ་ཕྲའི་གནས་སུ་རང་གི་བརྩེ་སེམས་ངོ་མ་ལ་བརྟེན་ནས་བདེ་ཐང་དང་བདེ་སྐྱིད་བསྐྲུན་ཡོད། ཁྱེད་ཚོས་རང་ཉིད་ཀྱི་ཕྲག་པ་མཉེན་མོར་བརྟེན་ནས་ལས་འགན་ལྕི་མོ་འཁུར་ཡོད་ཅིང་། དངོས་སྒྲུབ་ལ་བརྟེན་ནས་རླབས་ཆེན་གྱི་བསུང་ངད་ཕྱོགས་སུ་འཐུལ་བར་བྱས་ཡོད་པར་བརྟེན། དུས་རབས་གསར་པའི་བུད་མེད་ཀྱི་རང་བཀུར་རང་རྟོན་དང་རང་སྟོབས་རང་སྤེལ་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ། “གནམ་གྱི་ཕྱེད་ཀའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་རྩོམ་པའི་ལོའང་ཡིན།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་བུད་མེད་ཚང་མ་མི་སྣ་གཙོ་བོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་འབྲུག་རྟའི་སྙིང་སྟོབས་སྐུལ་སྤེལ་དང་། བུད་མེད་ཀྱི་འདུན་མ་ཕྱོགས་སུ་རྒྱས་པར་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད། བུད་མེད་ཀྱི་རང་གཤིས་འོད་སྟོང་རབ་ཏུ་འཕྲོ་ཐུབ་པའི་རེ་བ་ཡོད། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་དྲིན་ཚོར་ཤེས་པ། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཁྱབ་ཁོངས་ཁག་ཏུ་ཡང་བསྐྱར་རྩེར་སོན་གྱི་བྱས་རྗེས་གསར་པ་འབད་པས་འཇོག་ཐུབ་དགོས།  དཔལ་ཡོན་གྱི་དར་སྲོལ་དར་སྤེལ་གཏོང་བ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ཁྲོད་ཀྱི་བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས་ནས། དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་དར་སྲོལ་མཉམ་དུ་བསྐྲུན་དགོས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་བུད་མེད་ཀྱི་གནས་བབ་ལ་བརྩི་འཇོག་དང་བུད་མེད་ཡར་ཐོན་ལ་ཐུགས་ཁུར། བུད་མེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་པའི་ཁོར་ཡུག་བཟང་པོ་འབད་པས་བསྐྲུན་དགོས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་ཀྱི“མནའ་མའི་མ་ཁྱིམ་གྱི་མི”ཡག་པོ་བྱས་ནས། སྣེ་ཁྲིད་དང་ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་ལས་དོན་བློ་སེམས་རྩེ་གཅིག་གིས་ཡག་པོ་བསྒྲུབས་ཏེ། མཚོ་སྔོན་གྱི་བུད་མེད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་ཆེད་བུད་མེད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཡོངས་ཀྱི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ལ། སྐུ་ལུས་བདེ་ཐང་དང་བྱ་བ་ལམ་འགྲོ། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་པ་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས2026ལོའི་ཟླ3ཚེས8ཉིན་ཕུལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།