རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི“འཐུས་མིའི་རྒྱུ་ལམ”ཐོག་མ་དེ་ཟླ3པའི་ཚེས5ཉིན་འགོ་ཚུགས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི6“འཐུས་མིའི་རྒྱུ་ལམ”དུ་བསྐྱོད་དེ་སྨྱན་སྦྱོར་གྱི་གསར་འགོད་པ་དང་ངོ་འཕྲད་བརྗེ་རེས་བྱས།
བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་དེ་བཟོ་སྐྲུན་པའི་སྙིང་སྟོབས་དང་ཁ་འབྲལ་ཐབས་མེད། ཐོག་དང་པོར་རྒྱུ་ལམ་དུ་སྐྱོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དབྱང་ཡུང་ཞིའུ་ཡིན་ལ། ཁོ་མཐོ་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་ཞིག་ནས་རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་པ་དང་དབུ་བཞུགས་རྩལ་ནུས་མཁན་པོ་ཞིག་ཏུ་འཚར་ལོངས་བྱུང་ནས། ཞིབ་འཇུག་གསར་སྤེལ་གྱི་ལས་ཡུལ་དང་པོར་ཡུན་རིང་ལ་ལས་གཉེར་བྱས་ཏེ། ད་ལྟ་ལག་རྩལ་གྱི་དཀའ་གནད་བརྒྱ་ལྷག་སེལ་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དབྱང་ཡུང་ཞིའུ་ཡིས་བཤད་རྒྱུར།“བཟོ་སྐྲུན་པ་”ཞེས་པའི་ཡིག་འབྲུ་དེ་ནི་མིང་ཚིག་ཙམ་མ་ཡིན་པར་འགན་འཁྲི་ཞིག་ཡིན། ང་ཚོས་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་ཞིབ་ལེགས་ལྷུ་ལག་གིས་ཀྲུང་གོའི་རླངས་འཁོར་བཟོ་ལས་ཀྱི་ཆུ་ཚད་མཚོན་ཡོད་པ་ནམ་ཡང་སེམས་ལ་འཛིན་དགོས་ལ། ད་ལྟ། ང་ཚོས་ཆེས་ཞིབ་ཅིང་ལེགས་པའི་སྒུལ་བྱེད་འཕྲུལ་འཁོར་དང་ཆེས་རིག་ནུས་ཀྱི་ཚོད་འཛིན་ཚང་མ་རང་གིས་བཟོ་སྐྲུན་བྱེད་ཐུབ་པས། དེ་ནི་ཧ་ཅང་གཟི་བརྗིད་ཆེ་བ་ཞིག་ཡིན་པར་བསམ་ཡོད།
མདུན་གྲལ་ལག་རྩལ་གསར་གཏོད་ནི་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཡིན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཏུང་ཅིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་རང་བདག་གསར་གཏོད་བྱས་པར་བརྟེན་ནས། རང་རྒྱལ་གྱི་ཁུལ་དུམ་མུ་ཕྲེང་ཁྱབ་ཁོངས་ཀྱི་མཐིལ་རིམ་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐག་གཅོད་བྱས་པ་དང་། གོ་ལ་ཧྲིལ་པོའི་མཉེན་སྲ་གཞི་གཅིག་ཅན་གྱི་ཁུལ་དུམ་མུ་ཕྲེང་གི་མཐིལ་རིམ་བཀོལ་སྤྱོད་མ་ལག་ཐོག་མ་ཞིབ་འཇུག་གསར་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་གྲངས་འཛིན་བཟོ་སྐྲུན་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུས།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཏུང་ཅིན་གྱིས་བཤད་རྒྱུར། ད་ལོའི་ཟླ2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཚན་རྩལ་གསར་གཏོད་ལས་དོན་ལ་གཟིགས་ཞིབ་གནང་སྐབས་ངས་སྤྱི་ཁྱབ་ཧྲུའུ་ཅིར་ཁུལ་དུམ་མུ་ཕྲེང་གི་རང་བདག་གསར་གཏོད་བྱ་བའི་འཕེལ་རིམ་སྙན་ཞུ་འབུལ་རྒྱུའི་སྐལ་བ་བྱུང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་སྟེ། རང་རྒྱལ་གྱི་ཁུལ་དུམ་མུ་ཕྲེང་ཁྱབ་ཁོངས་ཀྱི་མཐིལ་རིམ་ལྟེ་བའི་ལག་རྩལ་རྒྱུན་མཐུད་ངང་མདུན་གྲལ་དུ་བསྐྱོད་པར་ཁག་ཐེག་དང་། རྒྱལ་ཡོངས་དང་སྦྲེལ་མཐུད་བྱས་པ་དང་གོ་ལ་ཧྲིལ་པོར་ཁྱབ་པའི“ཡིད་རྟོན་རུང་བའི་གྲངས་ཀའི་ལྕགས་རི”ཇེ་བརྟན་དུ་གཏོང་རྒྱུ་ཡིན།
ཀྲུང་གོའི་ལྟོ་ཕོར་ལག་ཏུ་དམ་པོར་འཛིན་ན་སོན་བཟང་ནི་གནད་འགག་ཡིན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀའོ་ཏི་རུང་གིས་སྲོལ་རྒྱུན་གྱི་སོན་གསོ་མ་དཔེ་བསྐྱུར་ནས་ས་བོན་གྱི་ནང་དུ་“ནད་འགོག་རྒྱུད་རྒྱུ་”བཅུག་སྟེ་ཧམ་འགྱུར་ནད་འགོག་རྒོལ་བྱེད་ཐུབ་པའི་ས་བོན་གསོ་སྐྱོང་བྱས་པ་དང་། མུའུ་སྟོང་གི་དཔེ་སྟོན་ཞིང་སའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ600རུ་སླེབས་ནས། ཞིང་པའི་སྨན་ཉུང་ཙམ་རྒྱག་པ་དང་འབྲུ་རིགས་མང་ཙམ་ཐོན་ཐུབ་པར་བྱས་ཏེ། ཐོན་འབབ་དེ་ལས་ཇེ་བརྟན་དུ་བཏང་།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀའོ་ཏེ་རུང་གི་བཤད་རྒྱུར། སོན་རྒྱུད་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོས་འཚོལ་སྙེག་བྱེད་པ་ནི“ལྟོ་བ་རྒྱགས་པ”ཙམ་མིན་པར། “ཟས་ཡག་པོ་ཟ་རྒྱུ”དེ་བས་ཀྱང་ཡིན་ལ། ད་རུང་འབྲུ་རིགས་འདེབས་མཁན་ལ་རེ་བ་སྟེར་དགོས། འབྲུ་རིགས་ཀྱི་སོན་སྣ་འདི་དག་ནི་སྟོབས་དང་ལྡན་པའི་སྲུང་སྐྱོབ་རུ་ཁག་ཞིག་དང་འདྲ་བར་ང་ཚོས་ལྟོ་ཕོར་བརྟན་པོར་སྲུང་བ་དང་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་སྟོབས་ཤུགས་འབུལ་བཞིན་ཡོད།
རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས། དམག་དཔུང་སྟོབས་ལྡན་དུ་བཏང་ན་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཁའ་དམག་མཁའ་སྐྱོད་དམག་མདའ་དཔུང་ག་གེ་མོའི་འཇོམས་རྒོལ་དམག་གྲུ16གི་འཕུར་སྐྱོད་པ་ཝང་ཝུན་དབྱི་ཡིས་རང་ཉིད་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་སྟེ། གཞི་རིམ་དམག་དཔུང་གི་དམག་གྲབས་སྦྱོང་བརྡར་ཅི་ལྟར་དམ་འཛིན་བྱས་ན། དམག་འཐབ་ཀྱི་ནུས་པ་དེ་ཙམ་གྱིས་ཆེ་རུ་འགྲོ་ཐུབ།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཝུན་དབྱི་ཡིས་བཤད་རྒྱུར། དམག་གྲབས་ཀྱི་ལས་འགན་ཧ་ཅང་ལྕི་ཞིང་སྦྱོང་བརྡར་བྱེད་ཤུགས་ཧ་ཅང་ཆེ་ན་ཡང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱེད་ཐུབ་པས། ང་རང་གི་འགན་འཁྲི་འདུ་ཤེས་དང་རང་རློམ་འདུ་ཤེས་ངང་གིས་འཕེལ་ཡོང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་ཁྲིད་སྟོན་འོག ང་དང་འཐབ་གྲོགས་ཚོས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་། འབད་འཐབ་འགག་སྒྲོལ་དང་དཀའ་སྤྱད་འབད་བརྩོན། འགན་འཁྲི་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།
དེ་རིང་གི་འཐུས་མིའི་རྒྱུ་ལམ་དུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ནུང་ཅ་ཀུའེ་དང་ཞུས་ཧྲི་ཞའོ་གཉིས་ཀྱིས་ད་དུང་གྲོང་གསེབ་ཀྱི་སློབ་གསོ་མཐོར་འདེགས་དང་ལུས་རྩལ་རྩལ་འགྲན། དམངས་ཡོངས་ཀྱི་བདེ་ཐང་སོགས་ཀྱི་བརྗོད་གཞིར་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ།