སྣ་མང་ཕུན་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྲོ་སྐྱིད་འཆམ་མཐུན་གྱི་ཀྲུང་གོའི་ལོ་སར་ལ། ས་ཆ་སོ་སོས་བྱེད་སྒོ་སྣ་ཚོགས་རྒྱུན་མ་ཆད་པར་སྤེལ་བ་དང་། མི་རྣམས་སྣ་མང་ཕུན་སུམ་ཚོགས་པའི་ལོ་སར་གྱི་བྱེད་སྒོའི་ནང་ཞུགས་ནས། དགའ་སྤྲོའི་དགོད་སྒྲའི་ཁྲོད་སྲོལ་རྒྱུན་ལོ་སར་གྱི་གོམས་སྲོལ་མྱོང་རོལ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱད།

གནའ་གྲོང་གནའ་སྡེ་རུ་ལོ་གསར་གྱི་རྣམ་པས་ཁེངས། ཀོང་ཏུང་ཀྲུང་ཧྲན་གྱི་ཞང་ཧྲན་གནའ་གྲོང་དུ། ལོ་སར་ལ་རྟེན་འབྲེལ་ཞུ་བའི་སྐོར་འཆམ་ཚ་ཚ་འུར་འུར་གྱིས་འགོ་བརྩམས་པ་དང་། ཧྲི་ཆིའི་སེང་རྩེད་དང་ཚོན་ཐག་འབྲུག མཐོ་དབྱུག་ཁྱུང་འབྲུག་སོགས་རེས་མོས་སྒོས་འཁྲབ་སྟོན་བྱས་ནས། མི་རྣམས་ཀྱིས་འཕྲོ་རིམ་འཕྲོར་ངོ་མཚར་ཆེ་བའི་སྐད་ཅིག་མ་དག་པར་དུ་བླངས།  སི་ཁྲོན་མེ་ཧྲན་གྱི་ལིའུ་ཅང་གནའ་བོའི་གྲོང་རྡལ་དུ། སྲོལ་རྒྱུན་གྱི་དམངས་སྲོལ་དང་དེང་རབས་ཀྱི་འོད་གཟུགས་བསྣོལ་འདྲེས་བྱས་ནས། ཡུལ་སྐོར་བས་ཡིད་དབང་རབ་ཏུ་འཕྲོག་པ་དང་། ཁོ་ཚོར་མཐོང་ཐོས་མྱོང་གསུམ་གྱི་དཔྱིད་གསར་དུས་ཆེན་གྱི་མྱོང་ཚོར་ཟབ་མོ་ཞིག་བྱིན། ཨན་ཧུའེ་ཧོང་ཧྲན་གྱི་ལོ་ངོ་སྟོང་གི་གནའ་སྡེ་ཐང་མོ་རུ། ཉ་ལུས་འབྲུག་འགོ་མའི་སྒྲོན་ཚོགས་མཚན་མོའི་མཁའ་དབྱིངས་སུ་ལྡིང་ཞིང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉ་སྒྲོན་གྱི་ཁྲོམ་འཆམ་དེ་ཆུའི་ཁྲོམ་ལམ་བརྒྱུད་ནས་དལ་བུར་བསྐྱོད་པ་དང་། ད་དུང་མིག་དབང་འཕྲོག་པའི་ལྕགས་རྡུང་མེ་ཏོག་དང་མེ་དེམ་འཁྲབ་སྟོན་ཀྱང་ཡོད། ཀྲེ་ཅང་ཉིང་པོ་ཡི་ཚི་ཁྲེང་གནའ་བོའི་རྫོང་མཁར་དུ། མཁར་གྱང་སྟེང་གི་སྒྲོན་ཚོགས་ཀྱིས་གནའ་གྲོང་མཛེས་པར་བརྒྱན་པ་དང་། རྟ་ལོའི་ལོ་སར་གྱི་དགའ་སྟོན་དུས་ཆེན་གྱིས་ཁྱད་ལྡན་བྱེད་སྒོ་བརྒྱ་ལྷག་སྤེལ་ནས། ཡུལ་སྐོར་བར་ལོ་སར་ལ་རོལ་མྱོང་དང་དམངས་སྲོལ་ལ་ལྟ་གཟིགས། མཉམ་འཛོམས་ལོངས་སྤྱོད་བཅས་བྱེད་དུ་བཅུག

དུས་ཆེན་གྱི་མཚན་མོར་འོད་མདངས་རྣམ་པར་བཀྲ། གནམ་གང་གི་དགོང་མོར། 2026ལོར་མཚོ་འགག་འགྲམ་གཉིས་ཀྱི་ལུགས་རྙིང་ལོ་སར་གྱི་ཚོན་ཁྲའི་ཤོག་སྦག་དགོང་ཚོགས་དུས་ལྟར་བསྡུས་པ་དང་། ཞ་མོན་དང་ཅིན་མོན་དུ་དུས་མཉམ་དུ་ཚོན་ཁྲ་ཤོག་སྦག་སྦར་ནས། འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་སྨོན་འདུན་ཡག་པོ་བརྒྱུད་སྤྲོད་བྱས།

ཅིན་མོན་གྱི་ན་གཞོན་ཀྲང་དབྱང་དབྱང་གིས་བཤད་རྒྱུར། ཐེངས་འདི་བརྩིས་ན་ང་རང་ཐེངས་གསུམ་པར་ཅིན་མིན་དང་ཞ་མོན་གྱིས་མཉམ་དུ་ཚོན་ཁྲའི་ཤོག་སྦག་གཏོང་བའི་འཁྲབ་སྟོན་ལ་ཞུགས་པ་ཡིན། ང་ཕྱོགས་འདི་ན་ཡོད་ལ། ཁོ་ཕྱོགས་གན་ན་ཡོད་པ་དང་། ང་ཚོས་མཉམ་དུ་ནམ་མཁའ་དང་མཚོ་ཁོངས་གཅིག་ལ་བལྟ་བཞིན་དུ། ཕན་ཚུན་ལ་འབྲེལ་འདྲིས་བརྗེ་རེས་དང་མཉམ་དུ་ལོ་སར་རོལ་བ་ཡིན་ལ། འདི་ནི་ཧ་ཅང་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་རེད་ཟེར།

པེ་ཅིང་གི་དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་རྒྱུན་མཐུད་ངང་འཁྲུག་པོར་གྱུར་ལ། ལུང་ཧྥུའུ་དགོན་གྱི་ཁྲོམ་གཞུང་དང་ཐའོ་རན་ཐིང་སྤྱི་གླིང་སོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་དང་རིག་གནས་གསར་གཏོད་ཀྱི་ལོ་སར་མཁོ་ཆས། མཉམ་འགུལ་འཁྲབ་སྟོན་བཅས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་། ད་དུང་ཟོང་རྟགས་མིང་གྲགས་ཅན་བཅུ་ཕྲག་གིས་ལོ་སར་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་བཏོན་ནས་དགའ་བསུ་ཆེན་པོ་ཐོབ། ཁྲུང་ཆིང་པི་ཧྲན་ཁུལ་དུ། མི་རྣམས་ཀྱིས་ཚོང་འདུས་ལ་ཉུག་པ་དང་ཞིམ་ཟས་ཟ་བ། རོལ་རྩེད་རྩེ་བ་བཅས་བྱས་ནས། ལོ་སར་གྱི་འཁྲུག་ཆ་དོད་པའི་རྣམ་པར་མྱོང་རོལ་བྱས། ཧྲན་ཏུང་ཡན་ཐའེ་ཕེང་ལའེ་ཁུལ་དུ། ལོ་སར་གྱི་གླིང་གའི་སྤྲོ་ཚོགས་སྟེང་འཕྱོ་འཁྲིགས་བྱེད་པའི་ཚོན་འབྲུག་དང་ཟིལ་རྔམ་ལྡན་པའི་སེང་གེ་ལ་མི་རྣམས་ཀྱིས་བཀྲ་ཤིས་སྨོན་འདུན་ཞུ་བའི་བསམ་འདུན་བཟང་པོ་བཅོལ། ཡུན་ནན་ཆུས་ཅིང་དུ། མི་སྟོང་གི་ཆི་ལིང་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། ད་ལོ་དེའི་ནང་ཞུགས་མཁན་སྔར་ལས་མང་། འཁྲབ་སྟོན་རྣམ་པ་ཡང་དེ་བས་ཕུན་སུམ་ཚོགས་པ་དང་། དེས་མི་རྣམས་ལ་ལོ་སར་གྱི་སྨོན་འདུན་བསྐྱལ། ཞིན་ཅང་གི་ལུའོ་ཕུའུ་རུ། རིགས་སོ་སོའི་མང་ཚོགས་མཉམ་དུ་འཛོམས་ནས། དགའ་སྤྲོ་འཁོལ་བའི་དམངས་སྲོལ་འཁྲབ་སྟོན་ཁྲོད་རྟ་ལོའི་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ཉམས་ལེན་བྱས།

ཞིན་ཅང་ཧོ་ཐེན་ས་ཁུལ་ལུའོ་ཕུའུ་རྫོང་ཧང་ཀུའེ་གྲོང་རྡལ་གྱི་ལས་བྱེད་པ་ཀུའུ་ལི་སྨི་ལ·ཨ་པུའུ་ཏུའུ་རེ་ཤིས་ཐི་ཡིས་བཤད་རྒྱུར།ང་ཚོས་འབྲུག་རྩེད་དང་སེང་རྩེད། ཤིང་རྐང་སོགས་སྲོལ་རྒྱུན་གྱི་ལེ་ཚན་འདི་དག་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་རྒྱུ་མཚན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཉམས་སུ་མྱོང་རྒྱུ་དེ་ཡིན་ཟེར།

ད་ལོའི་ལོ་སར་ལ། ད་དུང་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཡུལ་སྐོར་བྱས་ནས་ལོ་གསར་རོལ་རྒྱུ་ཡོད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་སྒོ་བརྒྱབ་རྗེས་ཀྱི་ལོ་སར་གུང་གསེང་ཐོག་མ་འདིར་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱས། སན་ཡ་རུ། རླངས་གྲུ་དང་ཆུ་འཛུལ། ཤོག་བྱའི་གདུགས་འདྲུད་སོགས་མཚོ་ཐོག་དང་སྐམ་ས་དང་མཁའ་ཐོག་གི་རྩེད་སྟངས་ཚང་མ་ཆ་ཚང་ཡིན་པས། ཡུལ་སྐོར་བ་ཚོས་ཚོར་བ་མི་འདྲ་བའི་མཚོ་ཐོག་གླིང་ཕྲན་སྟེང་གི་ལོ་སར་སྐྱིད་པོ་ཞིག་རོལ། ནང་སོག་གི་ཧུའུ་ལུན་པེར་དུ། ལོ་སར་སྐབས་སུAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ38དང་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བས་ཁྱད་ལྡན་བྱེད་སྒོ་སྤེལ་ནས། གྲོང་ཁུལ་དང་ནགས་ཁུལ། འབྲོག་ཁུལ། རོང་ཁུལ་བཅས་ཀྱི་ལོ་སར་གོམས་སྲོལ་སྣ་མང་འབྲེལ་མཐུད་བྱས།

ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ཝུན་ཁེ་རིགས་རང་སྐྱོང་རྫོང་ཞིས་ཉི་ཧོ་ཤིས་སུའུ་མུའུ་ཡི་འབྲོག་པ་པ་ཏེ་མཱ་ཡིས་བཤད་རྒྱུར།

ཡུལ་སྐོར་བ་ཚོ་འདི་གར་ཡོང་ནས་ང་ཚོས་གསར་དུ་བཙོས་པའི་ཤ་དང་པུ་ལི་ཡ་ཐེའི་ཤ་མོག་སོགས་སྲོལ་རྒྱུན་གྱི་ཞིམ་ཟས་འདི་དག་གི་བྲོ་བ་མྱོང་ཆོག ཐེ་གེ་རྩེ་ཆོག་ལ། དར་ཤུད་གངས་རྩེ་ཡང་བྱས་ཆོག  མི་ཚང་མས་འདི་ནས་ང་ཚོའི་རྩྭ་ཐང་གི་སྤྲོ་སེམས་དང་ལོ་གསར་གྱི་བྲོ་བ་མྱོང་ཆོག་ཟེར།

གནམ་གང་གི་དགོང་མོར།“ལོ་འགོ་རྩོམ་པ་དང་རླུང་རྟ་དར་བ། དགའ་སྤྲོ”ཞེས་པ་བརྗོད་དོན་དུ་བྱས་པའི་མཛེས་འཆོས་རླངས་འཁོར་སྐོར་སྐྱོད་བྱེད་སྒོ་ཞང་ཀང་ཅན་ཧྲ་ཙུའེ་རུ་སྤེལ་བ། མཛེས་འཆོས་རླངས་འཁོར12འོད་མདངས་བཀྲ་བའི་གློག་འོད་འོག་རེ་རེ་བཞིན་འགྲེམས་སྟོན་བྱས་པ་དང་། ཤང་ཀང་དང་སྐམ་ས། དབྱི་ཐ་ལི། ཧྥ་རན་སེ་སོགས་ཀྱི་འཁྲབ་སྟོན་རུ་ཁག46ཚང་མས་འཁྲབ་སྟོན་བྱས།

ཞང་ཀང་གི་སྡོད་དམངས་ཧྲིན་ལུའུ་ན་ཡིས་བཤད་རྒྱུར། ད་ལོའི་མཛེས་འཆོས་རླངས་འཁོར་ལ་ཁྱད་ཆོས་ལྡན་པ་དང་། རྒྱུ་མཚན་རྟ་ལོ་ཡིན་པའི་དབང་གིས་ངར་ཤུགས་དང་གསོན་ཤུགས་མཚོན། འཁྲུག་ཆ་དོད་པ་དང་མི་ཧ་ཅང་མང་ཟེར།

དེ་རིང་འབྲུག་རྩེད་དང་སེང་རྩེད་སོགས་ལོ་སར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཨའོ་མོན་གྱི་ས་ཁུལ་མང་པོར་འཁྲབ་སྟོན་བྱས། གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གོམ་མཚམས་བཞག་ནས་ལྟད་མོར་བལྟས་པ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་བཀྲ་ཤིས་པའི་མཚོན་རྟགས་ཀྱི་གསེར་འབྲུག་ལ་ལག་པས་རེག་ནས། ལོ་གསར་བར་ལམ་འགྲོ་ཡོང་བའི་སྨོན་ལམ་བཏབ།

ཨའོ་མོན་གྱི་སྡོད་དམངས་ཀའོ་རུང་ཀྲི་ཡིས་བཤད་རྒྱུར། ངས་བལྟས་ན་ཨའོ་མོན་གྱི་ལོ་གསར་གྱི་རྣམ་པ་ཧ་ཅང་བཟང་། གྲོགས་པོ་ཆུང་ཆུང་ཚོས་ཁྲིད་དེ་ལོ་གསར་གྱི་རྣམ་པར་རོལ་དུ་ཡོང་བ་ཡིན། ལོ་གསར་པའི་ནང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

ལུགས་རྙིང་ལོ་སར་སྐབས་སུ། འབྲི་ཆུའི་ལྷོ་བྱང་གི་དམག་སྒར་དུ་ཡང་དགའ་སྤྲོའི་རྣམ་པས་ཁེངས། དཔོན་དམག་ཚོས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཁག་ཁུར་དེ་དམག་སྒར་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལོ་གསར་གྱི་རྣམ་པར་བསྒྱུར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།