མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་བོད་རབ་རྒྱན་མེ་རྟ་ལོའི་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་བསུ་བའི་དུས་འདིར། ཁྱེད་ཅག་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པ་ཡིན།

2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་པས། མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པ་ཞིག་རེད། ལོ་གཅིག་གི་ནང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་བསྐྲུན་པའི་འདུ་ཤེས་གཙོར་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མངག་བཅོལ་དམ་འཛིན་དང་དྲིན་ཚོར་ཡར་བསྐྱེད། དཀའ་ངལ་གདོང་གིས་བསུས་ཤིང་དངོས་སྒྲུབ་སྔོན་བརྩོན་ལ་འབད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་འཕེལ་རིམ་གསར་པ་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱིས་རྣམ་པ་གསར་བ་བཏོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་སྟེ། སྐྱེ་ཁམས་ཀྱི་བཞིན་མདངས་སྔར་ལས་གསལ་ཞིང་། དཔལ་འབྱོར་འཁོར་སྐྱོད་མུ་མཐུད་བཟང་ཕྱོགས་སུ་འཕེལ་ལ། ཁྱད་ལྡན་ཐོན་ལས་རྣམ་པ་གསར་པ་དང་སྤུས་ལེགས་སུ་གྱུར་བར་མ་ཟད། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཉིན་བཞིན་སྟོབས་ཆེར་སོང་ཞིང་། དམངས་འཚོའི་འགན་སྲུང་སྔར་ལས་ནུས་ལྡན་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་འཆམ་མཐུན་ཡིན་པའི་རྣམ་པ་བཟང་པོ་མངོན་ཡོད།

2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་ལོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་གནད་འགག་གི་ལོ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླས་རིགས་སོ་སོའི་ལས་རིགས་ཁག་གི་སྤུན་ཟླ་དང་ལྷན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་དྲིན་ཚོར་བ་དང་ཏང་གི་ངག་ལ་ཉན་པ། ཏང་གི་རྗེས་འབྲངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པའི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་མགོ་རྩོམ་ས་གསར་པར་བྱས་ཏེ། སེ་འབྲུའི་རྡོག་པོ་བཞིན་དམ་པོར་གཅིག་ཏུ་སྦྲེལ་བ་དང་། མཐུན་སྒྲིལ་སེམས་གཅིག་དང་དཔུང་རྡང་མཉམ་སྦྲེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། བཅོས་སྒྱུར་སྒོ་འབྱེད། མི་རིགས་མཐུན་སྒྲིལ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོའི་སྟེང་ཤུགས་བཏོན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་མགོ་ལེགས་པོར་རྩོམ་པ་དང་གོམ་པ་ཡག་པོར་སྤོ་བ། ཀྲུང་གོའི་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་བཏང་ནས་བྱས་རྗེས་ཆེན་པོ་བཞག་སྟེ། སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་དགོས།

བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ནང་ཁྱིམ་ཚང་བདེ་སྐྱིད་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཝུའུ་ཞའོ་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལུའོ་ཏུང་ཁྲོན་གཉིས་ནས།

2026ལོའི་ཟླ2པའི་ཚེས18ཉིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།