ཟླ2པའི་ཚེས9ཉིན་གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོར་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་བཅས་ཀྱིས་གྲོང་ཁྱེར་དང་ཁུལ་སོ་སོར་མཉམ་འབྲེལ་བྱས་ཏེ། “སེ་འབྲུ་དམར་པོའི་ལས་ཞུགས་འགུལ་སྐྱོད”ལག་བསྟར་གཏིང་ཟབ་བྱས་པ་དང་། ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྩལ་ནུས་ནུས་སྩོལ་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་འགན་སྲུང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོར་ཅང་སུའུ་སོགས་ཤར་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་ངལ་ལས་མི་ཐེངས་ཉིས་ཁྲི་དྲུག་སྟོང་བཅུ་དྲུག་བསྐྱལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ས་ཁོངས་བརྒལ་བའི་ཕན་ཚུན་ཕྲ་སྒྲིག་རྣམ་པའི་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་དང་། ཡོང་འབབ་འཕར་ནས་ཕྱུག་འགྱུར། མི་རིགས་མཐུན་སྒྲིལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བ་མངོན་འགྱུར་བྱས།
འགུལ་སྐྱོད་ཁྲོད་མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚད་འདེགས་རྒྱ་སྐྱེད་དང་ལས་ཞུགས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་ཡོད། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་མཉམ་འགུལ། ཁྲོམ་རའི་འཁོར་སྐྱོད་བཅས་ཀྱི་ཕྱོགས་ངེས་སྐྱེལ་འདྲེན་ལམ་སྲོལ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ8ཚང་མས་གཞི་ཁྱོན་ཅན་དུ་ཕྱིར་གཏོང་བྱས་ཏེ“ས་ཁོངས་ཡོངས་མཉམ་འགུལ་དང་ཁག་དབྱེ་སྐྱེལ་འདྲེན”གྱི་རྣམ་པ་ཆགས་པ་དང་། ས་ཁོངས་བརྒལ་བའི་ལས་ཞུགས་ཀྱི་གོ་སྐབས་དེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་མང་པོར་ཁྱབ་ཏུ་བཅུག “མངག་ཐོ་གསོ་སྦྱོང་དང་ལས་གནས་འཚམ་སྤྲོད། ལས་བརྟན་ཡོང་འབབ་འཕར་བ་བཅས་ཀྱི་མུ་ཕྲེང་ཡོངས་ཀྱི་མ་ལག་ཧྲིལ་པོ་བཏོད་ནས། “རྟ་ཐང་གི་ནད་སྐྱོང་པ།” “དཔའ་ལུང་གི་སྐམས་ཤའི་ཐུག་པ”སོགས་ཟོང་རྟགས་ཀྱིས་མི་ཉིས་འབུམ་ལྷག་ལ་སྐུལ་ཁྲིད་བྱས་ཏེ་ལས་ཞུགས་བྱས་ཤིང་། རོགས་སྐྱོར་འཁོར་ཁང་གིས་རོང་འབྲོག་པ་ཉིས་ཁྲི་སུམ་སྟོང་ཉིས་བརྒྱ་བསྡུ་ལེན་བྱས་ཏེ་ལས་ཞུགས་མངོན་འགྱུར་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རྩལ་ནུས་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་འབད་བརྩོན་ལ་བརྟེན་ནས་ཕྱུག་འགྱུར་ཡོང་དུ་བཅུག་པ་རེད། ཤར་རྒྱུད་ཀྱི་ལས་ཞུགས་ས་ཁུལ་དུ“སེ་འབྲུ་དམར་པོའི་ཁྱིམ་གཞིས”12བསྐྲུན་པ་དང་། མི་རིགས་ཁག་གི་ཞོར་ལས་པ“མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ280ལྷག་ལ་ཞུགས་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འདུ་ཤེས་དེ་ལག་ལེན་ཁྲོད་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པར་བྱས།
དེ་དང་ཆབས་ཅིག་གནད་འཁེལ་ཇུས་བསྟར་གྱིས་ལས་ཞུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་ཅང་སུའུ་སོགས་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་དུ་བཀག་སྡོམ་མཉམ་ལས་ལམ་སྲོལ་བཙུགས་ནས་སྤུས་ལེགས་ལས་གནས་བཞི་ཁྲི་ཆིག་སྟོང་སྦྲེལ་མཐུད་བྱས་ཏེ། “སེ་འབྲུ་དམར་པོའི་ལས་ཞུགས་དཔེ་སྟོན་རྟེན་གཞི”18ཐུན་མོང་ཐོག་བཙུགས་པ་དང་། སྐད་གཉིས་ཀྱི“འདེམས་ཐོ་རྣམ་པའི”གསོ་སྦྱོང་སྤེལ་ནས་ཞིང་ཆེན་རིམ་པའི་ངལ་ལས་ཟོང་རྟགས43ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཤིང་། “མཚོ་སྔོན་གྱི་གཙགས་དྲུབ”རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་ལག་རྟགས་སུ་བདམས་པ་དང་། “གནས་གཏད་གནས”ཀྱི་སྐྱེལ་འདྲེན་དང་ཕྱོགས་ཡོངས་ཞབས་ཞུ་དོན་འཁྱོལ་བྱས་ཏེ། ཤར་རྒྱུད་དུ“སེ་འབྲུ་དམར་པོའི་ཞབས་ཞུའི་ས་ཚིགས”6བཙུགས་པ་དང་། སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་གྱི་དུས་ཚད་ལས་ཀའི་ཉིན་མོ5བར་ཇེ་ཉུང་དུ་བཏང་བ་དང་། ཁེ་དབང་སྲུང་སྐྱོང་བློ་ཡིད་ཚིམས་ཚད98.6%ལ་སླེབས་ཡོད།
གཞན་ཡང་མཚོ་སྔོན་གྱིས་ལས་ཞུགས་རྣམ་པ་ཆེན་པོ་གསུམ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་བ་སྟེ། མགོ་ལོག་གི“ཚོགས་སྒྲིག་རྣམ་པ་དང་མངག་ཐོ་ཅན་མཉམ་འབྲེལ”གྱི་རྣམ་པས་ཞོར་ལས་དཀའ་གནད་ཐག་གཅོད་བྱས། “ཤར་ནུབ་རྒྱུད་མཉམ་ལས་དང་ཟོང་རྟགས་ནུས་སྩོལ་མཉམ་འབྲེལ”གྱིས་མི་ཆིག་འབུམ་ལྷག་ལ་སྐུལ་ཁྲིད་བྱས་ཏེ་བརྟན་བརླིང་ལས་ཞུགས་བྱས་ཤིང་། “སྐད་གཉིས་གསོ་སྦྱོང་དང་མུ་ཕྲེང་ཡོངས་ཀྱི་ཞབས་ཞུ་མཉམ་འབྲེལ”གྱིས“མི་གཅིག་སྐྱེལ་འདྲེན་དང་། མི་གཅིག་བརྟན་བརླིང་ཡོང་བ། ཁྱིམ་གཅིག་གི་ཡོང་འབབ་འཕར་བ”བཅས་མངོན་འགྱུར་བྱས་ནས་མི་རིགས་ས་ཁུལ་གྱི་ལས་ཞུགས་དཔེ་རྣམ་བཏོད་ཡོད།