སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱིམ་གྱི་བྱ་བ་དང་རྒྱལ་ཁབ་ཀྱི་བྱ་བ། གནམ་འོག་གི་བྱ་བ་བཅས་ལས་མི་དམངས་ལ་བདེ་སྐྱིད་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཡིན། ལོ་གསར་པར་ཁྱིམ་ཚང་དུང་ཕྱུར་མང་པོའི་ཉེ་འགྲམ་གྱི་བྱ་བར་དམིགས་ནས། རྒྱལ་ཁབ་ཀྱིས་དམངས་འཚོའི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམངས་འཚོའི་རྨང་གཞི་བརྟན་པོ་འདིང་དགོས།
ད་ལོའི་ལོ་འགོ་ཚུགས་པ་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་བཞི་ཐེར་འབུམ་གཅིག་སྔོན་དུ་བྱིན་ནས། ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་སྒྲོལ་བ་དང་འཆམ་མཐུན་ངང་དུས་ཆེན་རོལ་བར་འགན་སྲུང་ཏན་ཏིག་བྱས། མང་ཚོགས་ཀྱི་བདེ་སྡུག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནམ་ཡང་འགྱུར་བ་མེད་པའི་ཐུགས་ཁུར་ཟབ་མོ་ཡིན། ལོ་སར་དུས་ཆེན་གྱི་སྔ་ནུབ་ལ་སླེབས་ཐེངས་རེར། སྤྱི་ཁྱབ་ཧྲུའུ་ཅིས་གྲང་ངར་དང་ཁ་བ་བུ་ཡུག་ལ་མི་འཛེམ་པར་མང་ཚོགས་ཀྱི་གམ་དུ་ཕེབས་ནས། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་དང་དམངས་ཀྱི་བསམ་འདུན་ལ་གསན་ཏེ། ལོ་སར་གྱི་སྨོན་འདུན་ཕུལ་བ་རེད། ཁོང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས། ཁོ་ཚོའི་དགུན་སྒྲོལ་གྱི་སྡོད་ཁང་དྲོན་པོ་ཡིན་མིན་དང་། མ་མཐའི་འཚོ་བའི་འགན་སྲུང་ག་འདྲ་ཡིན་པ་རྒྱུས་ལོན་མོ་ཞིབ་མོ་གནང་ལ། དུས་ཆེན་གྱི་ཁྲོམ་རར་ཕེབས་སྐབས་ལོ་སར་མཁོ་ཆས་ཀྱི་སྣ་ཁ་མང་པོ་ཡོད་མེད་དང་མཁོ་སྤྲོད་འདང་ངེས་ཡིན་མིན་བཀའ་འདྲི་གནང་། མང་ཚོགས་དང་ཞལ་བརྡ་གནང་ནས་འཚོ་བའི་ཡོང་སྒོ་དང་། ཚང་མའི་དཀའ་ངལ་དང་དགོས་མཁོར་རྒྱུས་ལོན་གནང་། 2026ལོའི་ལོ་སར་ཤིས་ཚིག་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོས་ང་ཚོ་ཚང་མར་དྲོ་སྐྱིད་སྦྱིན་ཡོད།
འཚོ་བའི་ལྟོ་རྒྱབ་དང་དུས་བཞིའི་འཁོར་བསྐྱོད་ལས “གཞིས་ཁྱིམ་ཆུང་ཆུང”ལ་དྲོ་སྐྱིད་ལྡན་པ་དང་། ཀྲུང་གོའི་“ཁྱིམ་གཞི་ཆེན་མོ”འདི་ཡར་ངོའི་ཟླ་ལྟར་འཕེལ་བར་སྨོན་ཞེས་བསྟན།
ལོ་གསར་པའི་ནང་། ཀྲུང་དབྱང་ནས་ས་གནས་ཀྱིས་གནད་ཁེལ་ཤུགས་འདོན་དང་། མཐུན་སྦྱོར་སྐུལ་སྤེལ་བྱས་ཏེ། དམངས་འཚོའི་སྲིད་ཇུས་གསར་པ་རབ་དང་རིམ་པ་གང་མགྱོགས་སྒོས་བཏོན་ནས། མི་སྐྱོང་མ་འཇོག་ལ་ཤུགས་སྣོན་དང་དམངས་འཚོའི་བདེ་སྐྱིད་ལ་མུ་མཐུད་དུ་ཤུགས་བསྣན། “རྒན་པ་དང་བྱིས་པར”སྔར་བས་དྲོ་སྐྱིད་ལྡན་པའི་གཅེས་སྐྱོང་ཐོབ། ལོ་གསུམ་མན་གྱི་བྱིས་པར་ལོ་རེར་སྒོར3600ཡི་ཁ་གསབ་ཡོད་པ་དེ་2025ལོའི་རྨང་གཞིའི་སྟེང་མུ་མཐུད་དུ་ལེན་པའི་ནུས་པ་ཆེ་རུ་བཏང་ནས། རེ་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་། ད་ལོར། རྒྱལ་ཡོངས་སུ་ད་དུང་ཞང་དང་གྲོང་བརྡལ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས1000གསར་དུ་བསྣན་ནས། བྱིས་པའི་རྒྱུན་མཐོང་ནད་གཞི་དང་ཕོག་སླའི་ནད་བརྟག་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ལ། ཀུན་ཕན་བཅོལ་གནས་ཆིག་འབུམ་ལྔ་ཁྲི་གསར་དུ་བསྣན་ཏེ། བྱིས་པ་ཚོ་སྔར་བས་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་ཐུབ་པར་བྱས། རྒན་པའི་ཚེ་མཇུག་བདེ་སྐྱིད་ལ་དམིགས་ཏེ། རྒྱལ་ཁབ་ཀྱིས་རྒན་གསོའི་ལས་ཁུངས་སྡེ་ཁུལ་དུ་སྐྱོད་པར་གང་མགྱོགས་སྒོས་ཁྲིད་སྟོན་བྱས་ནས། རྒན་པའི་ཟ་ཁང་དང་ལུས་པོ་འཁྲུ་རོགས་ས་ཚིགས་མང་དུ་བཏང་བ་དང་། འགྱེལ་བའི་ཉེན་བརྡ་གཏོང་ཆས་དང་རིག་ནུས་ལྟ་ཞིབ་ཚད་ལེན་ཆུ་ཚོད་སོགས་ལྟེ་བའི་རྣམ་གྲངས25ཁྱིམ་སྡོད་རྒན་འཕྲོད་ཅན་གྱི་སྒྱུར་བཀོད་ཁ་གསབ་ཐད་ལག་བསྟར་བྱས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ཡུན་རིང་ནད་སྐྱོང་འགན་སྲུང་ལམ་ལུགས་དེ་ཚོད་ལྟ་ནས་ཕྱོགས་ཡོངས་ལམ་ལུགས་སུ་བསྒྱུར་རྒྱུ་རེད། མིག་སྔར་རྒྱལ་ཡོངས་ཀྱི་འབྲིང་རིམ་ཡན་གྱི་རྒན་པའི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་གཅིག་རྗེས་གཉིས་མཐུད་ངང་བླངས་ཏེ་ཁྱིམ་ཚང་གི་ཁུར་པོ་ནུས་ལྡན་སྒོས་ཇེ་ཡང་དུ་བཏང་ཡོད།
ཞིན་ཅང་ཧོར་གོ་སིའི་གྲོང་མི་ཧྲུའུ་ཧོ་ལ་·ཕ་ལ་ཐི་ཡིས་བཤད་རྒྱུར།
ངའི་ཨ་མར་ཁམས་གསོའི་སྨན་བཅོས་བྱེད་པ་དང་འདྲ་ན། ཆེད་ལས་མི་སྣ་སྒོ་ཁར་ཡོང་ནས་ཞབས་ཞུ་སྒྲུབ་པ་དང་། འགྲོ་གྲོན་ཁག་ཅིག་འཐེན་འཕྲི་བྱས་རྗེས། ང་ཚོས་སྒོར་མོ་ཉུང་ཉུང་ཞིག་བཀོལ་ན་ཆོག་པ་རེད། སྲིད་ཇུས་འདི་ཧ་ཅང་བཟང་གི
ད་ལོ་དམངས་ཡོངས་ཀྱི་བདེ་ཐང་འགོག་སྲུང་འཛིང་རགས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་དཀར་ཆག་ཁྲོད་སྨན་རྫས་རིགས114གསར་སྣོན་བྱས་ནས། སྲོག་སྐྱོབ་འཕྲལ་བསྟུན་སྨན་རྫས་སྔར་ལས་མང་པོ་མང་ཚོགས་ལ་ཕན་པར་བྱ་དགོས། སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་རོགས་དངུལ་དང་འཛུགས་སྐྲུན་མ་དངུལ་སྒོར་ཁྲག་ཁྲིག་བཞི་ཐེར་ཆེན་གཅིག་ཐེར་འབུམ་དྲུག་དུང་ཕྱུར་དྲུག་སྔོན་དུ་གཤམ་སྤྲོད་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་དྲ་བ་བརྟན་པོ་བཟོས་ཡོད། ཞིང་ཆེན་དང་གྲོང་ཁྱེར་སྔར་བས་མང་བས་ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཁྲའི་ཞིང་ཆེན་བརྒལ་བའི་མཉམ་རོགས་དང་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་དེ“ཁྱིམ་ཚང་གི་བདེ་ཐང་དངུལ”དུ་བསྒྱུར།
ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་གྱི་གྲོང་མི་ཨན་ཝེ་ཡིས་བཤད་རྒྱུར།
ངའི་ཕ་ཡུལ་ཧྲན་ཏུང་གི་ཡིན། ངའི་ཕ་མ་གཉིས་ལ་ཧྲན་ཏུང་ཕྱོགས་ཀྱི་སྨན་བཅོས་འགན་སྲུང་ཡོད། ད་ལྟ(སྨན་བཅོས་འགན་སྲུང)མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་ལས་བརྒལ་ནས་རོགས་རམ་མངོན་འགྱུར་བྱུང་ཡོད་པས། ཁོ་ཚོས་ཐད་ཀར་ངའི་སྨན་བཅོས་འགན་སྲུང་བྱང་བུའི་ནང་གི་སྒོར་མོ་བཀོལ་ནས། ཁོ་ཚོའི་ནད་ལ་བརྟག་པའི་འགྲོ་གྲོན་སྤྲད་ཆོག་ལ། ད་ལྟ་སྒོར་མོ་གྲོན་ཆུང་བྱ་ཐུབ་ལ་སྟབས་བདེ་ཡང་རེད།
ལས་ཞུགས་ཞེས་པའི་དམངས་འཚོ་ཆེ་ཤོས་འདིར་དམིགས་ནས། ནོར་སྲིད་དང་དངུལ་ལོར། ལས་ཞུགས་སོགས་སྲིད་ཇུས་ཀྱིས་མཉམ་དུ་ཤུགས་བཏོན་ཏེ། ལས་ཞུགས་ཇེ་ལེགས་སུ་གཏོང་བའི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒོས་བཙུགས། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་བྱེད་པའི་ཚོད་ལྟའི་གནས་རྒྱལ་ཡོངས་སུ་བསྐྱེད་དེ། ལས་ཞུགས་རྣམ་པ་གསར་པའི་མི་སྣར་སྔར་ལས་ལྷག་པའི་འགན་སྲུང་ཡོད་པར་བྱས། མིག་སྔར2026ལོའི“དཔྱིད་རླུང་འགུལ་སྐྱོད”རྒྱལ་ཡོངས་སུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། ཆེད་དོན་གདན་ཞུའི་ཚོགས་འདུ་སྣ་ཚོགས་དང་རྩལ་ནུས་གསོ་སྦྱོང་མང་པོ་སྤེལ་ནས། ལས་གནས་སྒོ་འགྲམ་དུ་བསྐྱལ་བ་དེ་བས་གནད་འཁེལ་རེད།
ཅང་ཞི་ཞིང་ཆེན་ཧྲང་ལི་རྫོང་ཅི་ཀོན་ཧྲན་ཞང་ཏུའུ་ཐེན་སྡེ་བའི་སྡེ་མི། རུང་ཧོང་ཅིན་གྱིས་བཤད་རྒྱུར།
བཤེར་ཨང་བྱས་ན། ཀུང་སིའི་འབྲེལ་གཏུག་མི་སྣ་དང་ཁ་པར་ཡོད་ལ། ཁེ་ལས་ཀྱི་མི་དང་ཐད་ཀར་ཁ་བརྡ་བྱེད་ཐུབ་ཅིང་། ལས་གནས་ཀྱི་གནས་ཚུལ་ཡང་གསལ་བོ་ཡིན། ཟླ་ཕོགས་མཐོ་བས། སེམས་ཡང་བདེ་བ་རེད།
ལུགས་རྙིང་ལོ་སར་ཉིན་རེ་ལས་ཉིན་རེར་འཆར་ཉེར་ཡོད་པ་དང་། ཁྱིམ་ཚང་ཚང་མས་གུང་གསེང་འདི་ཇི་ལྟར་རོལ་རྒྱུར་བསམ་གཞིགས་གཏོང་བཞིན་ཡོད་ལ། ཞིང་ཆེན་དང་གྲོང་ཁྱེར་མང་པོས་སྔ་རྗེས་སུ་བཟའ་བཏུང་དང་རིག་གནས་ཡུལ་སྐོར། ལུས་རྩལ་སོགས་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་འཛིན་ཤོག་བྱིན་ནས། ཚང་མའི་རིམ་པ་མང་བའི་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་ཐབས་བྱས། ད་ལོར་རྒྱལ་ཁབ་ཀྱིས་རེས་སྐོར་གསར་པའི་འཛད་སྤྱོད་ཐོན་རྫས་ཀྱི་“རྙིང་ཚབ་གསར་བརྗེའི”བྱེད་སྒོ་སྤེལ་འགོ་བརྩམས་པ་དང་། ས་ཆ་སོ་སོས་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་མང་ཚོགས་ཀྱི་སྒོ་ཁར་སྐྱེལ་བ་མ་ཟད། ད་དུང་“རྫོང་ཁོངས་གཏན་ཁེལ་པར་གཞིའི”་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཕྱིར་བཏོན་ནས། རིག་ནུས་མིག་ཤེལ་དང་རིག་ནུས་ཁྱིམ་ཆས་ཉོ་རྒྱུ་དེའང་མི་མང་པོ་ཞིག་གིས་རང་ཉིད་ལ་ཕུལ་བའི་ལོ་གསར་གྱི་ལག་རྟགས་སུ་གྱུར་ཡོད།
ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་གྲོང་མི་ཁྲེན་ཡ་ཧང་གིས་བཤད་རྒྱུར།
ད་ལྟ་རྒྱལ་ཁབ་ཀྱི་ཁ་གསབ་ཡོད་པ་དང་། དེ་སྔོན་གྱི་རིན་གོང་སྒོར་ཉིས་སྟོང་ལྷག་གི་ཚོང་རྫས་ད་ལྟ་སྒོར་སྟོང་གཅིག་ལྷག་གིས་ཉོ་ཐུབ་ལ། ངའི་བསམ་ན་གྱོང་མེད་པ་འདྲ། ང་ཚོས་ཚན་རྩལ་རིགས་ཀྱི་ཐོན་རྫས་འདི་དག་ཉམས་ལེན་བྱེད་པའི་སྒོ་ཐེམ་ཇེ་དམའ་རུ་སོང་བ་དང་། བདེ་སྐྱིད་ཀྱི་སྟོན་གྲངས་ཀྱང་ཇེ་མཐོ་ནས་ཇེ་མཐོ་རེད།
ལོ་གསར་པའི་ནང་། བདེ་སྐྱིད་ཀྱི་འཚོ་བ་ཡུན་གྱིས་མངོན་ཡོང་བ་དང་། དམངས་འཚོ་འགན་སྲུང་གི་བདེ་སྐྱིད་ཀྱི་གསལ་ཕྲ་ཡང་རེ་རེ་བཞིན་མགྱོགས་མྱུར་སྒོས་དོན་འཁྱོལ་བྱེད་ཀྱིན་ཡོད་ལ། སྔར་ལས་བདེ་སྐྱིད་དང་མཚར་སྡུག་ལྡན་པའི་དམངས་འཚོའི་རི་མོ་ཞིག་རིམ་གྱིས་འབྲི་བཞིན་ཡོད།