ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ཚན་ཁག་གི་ཨུ་ཡོན། ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་མཱོ་ཅུས་ཧུང་གདན་འདྲེན་ཞུས་ནས་སྙན་ཞུར་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་བཅས་ཚོགས་འདུར་ཞུགས།

མཱོ་ཅུས་ཧུང་གིས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཀྲུང་གོའི་ཁྲིམས་སྐྱོང་བགྲོད་ལམ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས།  དེའི་གྲུབ་སྟངས་དང་གོ་དོན་ནས་ཁྱད་ཆོས་བར་དང་དེ་མིན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་བརྟེན་ནས“རྒྱུན་འཁྱོངས་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་དང་།  ཁྲིམས་ལུགས་དང་མིག་སྔའི་སྤྱི་ཚོགས་སྣང་ཚུལ་བར་གྱི་འབྲེལ་བ་གལ་ཆེན་སོགས་ཀྱི་ནང་དོན་རྒྱས་བཤད་གཏིང་ཟབ་བྱས། ཚོགས་ཞུགས་བློ་མཐུན་གྱིས་བལྟས་ན། སྙན་ཞུར་གཞུང་ལུགས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ལྡན་ཡོད་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱེད་པར་བློ་སྒོ་ཕྱེ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་ཆུ་ཚད་སྔར་ལས་མཐོ་བའི་ཐོག་ནས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་ནུས་ལྡན་འདོན་སྤྲོད་བྱས་ཡོད། 

ཝུའུ་ཞའོ་ཅུན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ང་ཚོས་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་བ་ལེགས་པར་བསྒྲུབས་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། དཔེ་བསྡུར་ཚད་བསྡུར་དང་ཐོས་བསམ་མྱོང་རྟོགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས”པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་བ་འཆར་འགོད་ཡག་པོ་བྱ་དགོས།  “མཐོ་ས”འཛུགས་སྐྱོང་དང་།     “གནས་བཞི”འཛུགས་སྐྲུན་སོགས་ལ་མཁོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཆ་ཚང་གི་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རོགས་འདེགས་བྱེད་དགོས། ཚད་ལྡན་དྲང་བདེན་གྱི་དཔལ་ཡོན་ཁྲིམས་བསྟར་ཁྲིམས་འཛིན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། “རྟ་རྒྱབ་ཀྱི་ཁྲིམས་ཁང”དང“གཏམ་བརྗོད་ཀྱི་འདུམ་སྒྲིག”སོགས་བཅོས་སྐྱོང་གི་ལག་ལེན་ཁྱབ་གདལ་དུ་བཏང་ནས། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་དགོས། མུ་མཐུད་དུ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཁྲིམས་སྐྱོང་བཟང་པོ་དེ་ཤེས་ལྡན་མི་སྣ་གཅིག་བསྡུ་དང་།     མ་དངུལ། ལག་རྩལ་བཅས་ཀྱི“སྡུད་ར་དྲག་པོར”འགྱུར་བར་བྱེད་དགོས།“དགུ་ལྔ”ཁྲིམས་ཁྱབ་དྲིལ་བསྒྲགས་གཏིང་ཟབ་ཏུ་སྤེལ་ནས་བཅའ་ཁྲིམས་ཀྱི“མདུན་སྐྱོད་དགུ”གཏིང་ཟབ་ཏུ་བཏང་སྟེ། ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་དེ་སྤྱི་ཚོགས་ཡོངས་སུ་དར་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ། ཏང་གི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་འགན་འཁྲི་དམ་ཟབ་དང་། ཁྲིམས་སྐྱོང་འདུ་ཤེས་ཇེ་བརྟན་དུ་གཏོང་བ། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་བློ་སྦྱོང་དང་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་བ། གོང་འོག་མཉམ་འགུལ་དང་མཉམ་འཛིན་མཉམ་སྒྲུབ་ཀྱི་བྱ་བའི་རྣམ་པ་ཆགས་སུ་བཅུག་ནས། ཞིང་ཆེན་ཡོངས་ཀྱི་བྱ་བ་སོ་སོའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་པ་ནན་གྱིས་བསྟན། 

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།     ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ།  མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཀྱི་ཚོགས་སྤྱི། མཐོ་རིམ་སློབ་གྲྭ།  ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱི་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།