མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་ལས་ཀྱི་ཕྲེང་རྒྱས་ཕྲེང་གསབ་ཕྲེང་བསྲིང་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། ཕྲེང་འབྲེལ་གཙོ་བོའི་ཁེ་ལས་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་ལས་ཀྱི་ཕྲེང་རྒྱས་ཕྲེང་གསབ་ཕྲེང་སྲིང་ལ་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བའི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།
ཚོགས་འདུའི་ཐོག་ཀྲུང་གོ་ཚྭ་མཚོ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཐའེ་ཧྥུང་སྔོན་ཐོན་ལིས་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མིང་དབྱང་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སི། ཀྲུང་གོ་ཀོང་ཧི་སྡེ་ཚོགས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སི། ཉིང་ཏེ་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ནན་པོ་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱི་འགན་འཁུར་བས་བརྗེ་རེས་གཏམ་བཤད།
ལུའོ་ཏུང་ཁྲོན་གྱིས་ནན་ཏན་སྒོས་ཉན་པ་དང་། ཁེ་ལས་པར་བརྗེ་རེས་གླེང་མོལ་བྱས། ཁོས་བསྟན་དོན། ཕྲེང་འབྲེལ་གཙོ་བོའི་ཁེ་ལས་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི“ལྟེ་བའི་སྒུལ་ཤུགས་”དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགོ་རྩོམ་ས”དང་། ཐོན་ལས་མུ་ཕྲེང་གི་མཉེན་གཤིས་ཆེ་རུ་གཏོང་བ་དང་ཐོན་ལས་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི“གྲུ་རྡོ”དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་རང་མདངས་སྲུང་བའི“ལག་ལེན་མཁན”ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། འབྲེལ་ཡོད་སྡེ་ཁག་སོ་སོས་ཁེ་ལས་ཀྱི་རེ་ཞུའི་དོན་ཚན་དང་བསམ་འཆར་དང་གྲོས་གཞི་ལེགས་སྒྲིག་ནན་མོ་དང་བསྡུ་ལེན་གང་ལེགས་བྱས་ཏེ། སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུ་ལེགས་བཅོས་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས།
ལུའོ་ཏུང་ཁྲོན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་། ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རྒྱ་ཆེའི་ཁེ་ལས་པས་གོ་སྐབས་དམ་འཛིན་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ལ། ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་འཐབ་ལམ་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ་དང་། དགེ་མཚན་ཅན་གྱི་ཐོན་ལས་མུ་ཕྲེང་སྣུར་སྲིང་དང་། སྲོལ་རྒྱུན་ཐོན་ལས་མུ་ཕྲེང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་ཀྱི་མུ་ཕྲེང་བསྐྲུན་པ། ཉམས་ཞན་ཐོན་ལས་ཀྱི་ཕྲེང་གསབ་བཅས་ལ་སྐུལ་འདེད་བཏང་ནས། འབད་པ་ཆེན་པོས་མུ་ཕྲེང་གཙོ་བོའི་ཁེ་ལས་ཀྱིས་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པར་བྱེད་དགོས། ཐོན་ཁུངས་སྡེབ་སྒྲིག་གསར་གཏོད་ཤུགས་དྲག་ཏུ་བཏང་སྟེ། དྲ་རྒྱ་འཛུགས་སྐྲུན་གསར་གཏོད་ལ་ཤུགས་སྣོན་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས། ལག་རྩལ་གསར་གཏོད་སྟེང་ནུས་ཤུགས་འདོན་ཐུབ་པར་བྱེད་དགོས། ཐོན་ལས་མུ་ཕྲེང་གི་བཀོད་པ་ལེགས་སྒྱུར་བྱས་ཏེ། ཐོན་ལས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐོན་ལས་མུ་ཕྲེང་གི་སྐྱེ་ཁམས་གསོ་སྐྱོང་བྱས་ནས། ཕྲེང་སྲིང་དང་ཕྲེང་གསབ་ཀྱི་སྟེང་ཁག་ཁུར་མངོན་པར་བྱེད་དགོས། སྣེ་ཁྲིད་ནས་ལྗང་མདོག་ཐོན་རྫས་གསར་སྤེལ་བྱས་ཏེ། ལྗང་མདོག་ལག་རྩལ་མྱུར་དུ་འཕེལ་རྒྱས་གཏོང་བ་དང་། ཐོན་ནུས་བེད་སྤྱོད་ནུས་ཕྱོད་ནུས་ལྡན་སྒོས་མཐོར་འདེགས་བཏང་ནས། ལྗང་མདོག་ཚུལ་སྒྱུར་སྟེང་མིག་དཔེ་སྟོན་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱས་ཏེ། ཚོང་ལ་བརྟེན་ནས་ཚོང་འགུག་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒོ་འབྱེད་མཉམ་ལས་སྟེང་མདུན་གྲལ་དུ་ཐོན་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་པ་འཇོག་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ཁེ་ལས་དང་མཉམ་དུ་ལངས་པ་དང་། མཉམ་དུ་འདུག་པ། མཉམ་དུ་ལས་ཀ་སྒྲུབ་པ་བཅས་བྱས་ཏེ། ཐོན་ལས་མུ་ཕྲེང་གི་འགག་གནས་དང་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཁེ་ལས་ཀྱིས་མ་དངུལ་གཏོང་བ་དང་སེམས་བདེ་བའི་ལས་སྐྲུན་བྱེད་པ། བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་པའི་བླང་བྱ་བཏོན།
ཀྲང་ཅིན་ཀང་དང་ལིའུ་ཁྲའོ་ཚོགས་འདུར་ཞུགས།