ཟླ2པའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། 2026ལོར། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཐིང་གིས་མུ་མཐུད་དུ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་པ་དང་། ནམ་མཁའ་སྔོ་ཞིང་བསངས་པ་དང་། ཆུ་མོ་དྭངས་པ། ས་གཞི་དག་ཅིང་གཙང་བའི་འགོག་སྲུང་དམག་འཐབ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
ནམ་མཁའ་སྔོ་བའི་འགོག་སྲུང་དམག་འཐབ་ཁྲོད། PM2.5ཡི་གར་ཚད་ཇེ་དམའ་རུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་ནས། ཁོར་ཡུག་དང་མཁའ་དབུགས་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་རེད། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་ཀྱི་འཕྲལ་བསྟུན་བཙོག་འབུད་ཞིབ་ཐོ་འཛུགས་པ་དང་། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་ལ་ཁ་གཏད་འཇལ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཟི་ལིང་དང་མཚོ་ཤར་གྱི་རླུང་ཁམས་བཙོག་སྐྱོན་འགོག་བཅོས་ས་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་བཙོག་འབུད་ཚད་ཧ་ཅང་དམའ་བའི་བསྒྱུར་བཀོད་དང་། བཟོ་ལས་ཀྱི་ཐབ་ཀ་བཅོས་སྐྱོང་གཏིང་ཟབ་བྱེད་པ། བཟོ་ལས་ཡལ་འབྱུང་རང་བཞིན་གྱི་སྐྱེ་ལྡན་དངོས་རྫས་ཕྱོགས་བསྡུས་བཅོས་སྐྱོང་བཅས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་སྒོས་རྡོ་སོལ་ཏུན65ཡན་གྱི་ཁྲོ་ཐབ་ལ་བཙོག་འབུད་ཚད་ཧ་ཅང་དམའ་བའི་བསྒྱུར་བཀོད་དང་ཏུན10མན་ཆད་ཀྱི་རྡོ་སོལ་ཁྲོ་ཐབ་མེད་པར་གཏོང་དགོས།
ཆུ་དྭངས་མོའི་འགོག་སྲུང་དམག་འཐབ་ཁྲོད། ས་ངོས་ཆུའི་ཁོར་ཡུག་གི་སྤུས་ཚད་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། གཙང་བོའི(མཚེའུ)བཙོག་འབུད་གནས་ཞིབ་བཤེར་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། བཙོག་འབུད་བྱེད་སར་རིམ་པ་དང་རིགས་དབྱེ་ནས་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་བྱ་དགོས། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་སྡུད་བསྡུ་རུབ་དང་གཙང་སེལ་སྒྲིག་ཆས་ཀྱི་ནུས་ཕྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་གྱི་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་ཆུ་གཟུགས་ཆུང་ཆུང་གི་ཁོར་ཡུག་གནད་དོན་ཞིབ་བཤེར་དང་བཅོས་སྐྱོང་ཡག་པོ་བྱས་ཏེ། མུ་མཐུད་དུ་གཅིག་བསྡུས་རྣམ་པའི་བཏུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཆེད་དམིགས་བརྟག་དཔྱད་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་གནས་ཚུལ་གྱི་དཔྱད་འཇོག་བྱ་བ་ལག་བསྟར་བྱེད་དགོས།
ས་གཙང་མའི་འགོག་སྲུང་དམག་འཐབ་ཁྲོད། ས་རྒྱུའི་སྦགས་བཙོག་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་དང་ས་འོག་ཆུའི་སྦགས་བཙོག་བརྟག་དཔྱད་གདེང་འཇོག་བྱེད་འགོ་བརྩམས་ནས། ཀན་ཧི་དང་ན་གོར་མོ་བཟོ་ལས་གླིང་ཁུལ་གྱི་ས་འོག་ཆུའི་སྦགས་བཙོག་དོ་དམ་ཚོད་འཛིན་བྱས་ཡོད། ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྒྲིག་བཀོད་ཀྱི་འཁོར་སྐྱོད་གནས་ཚུལ་ཞིབ་བཤེར་བྱས་ཏེ། ཞིང་སྡེའི་དྲི་ངན་ཅན་གྱི་བཙོག་ཆུ་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་སྦགས་བཙོག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
《མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག》གི་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་བྱས་ཏེ། ཚྭ་འདམ་དང་། རྡོ་བལ་གྱི་སྙིགས་རོ་སོགས་ཕྱོགས་བསྡུས་བཟོ་ལས་ཀྱི་སྲ་གཟུགས་དངོས་པོ་གཞི་ཁྱོན་ཅན་དུ་སྤྱོད་པའི་སྙིགས་རོ་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བེད་མེད་གློག་ཆས་བཤིག་པ་དང“རྣམ་པ་གསར་པའི” སྒྲིག་ཆས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།