མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་བྱ་བ་མུ་མཐུད་ཇེ་དྲག་ཏུ་གཏོང་བའི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། བདེན་སྲུང་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཁྱད་ལྡན་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕར་བར་སྐུལ་འདེད་གཏོང་དགོས།
ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི་བཟོ་སྐྲུན་གལ་ཆེན་བརྟན་པོའི་ངང་ལག་བསྟར་བྱས་ཏེ། སྤུས་ལེགས་ནུས་ཆེའི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། དེའི་ཁྲོད། མགོ་ལོག་ཁུལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གཙོ་གནད་སྨན་ཁང་བསྐྲུན་ནས་སྤྱོད་འགོ་བརྩམས་ཡོད་པ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་སྔོན་དཔག་བྱས་ན་ད་ལོར་དངོས་སུ་འཁོར་སྐྱོད་བྱེད་རྒྱུ་རེད། མཚོ་ལྷོ་ཁུལ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཚོད་ལྟའི་ཁུལ་དུ་བདམས། ཆེད་ལས་ཚན་ཁག་འཛུགས་སྐྲུན་གྱི་གྲུབ་འབྲས་གཡར་དུ་ཟ་བ་བླངས་པས། ཀྲུང་བོད་ལུགས་གསོ་རིག་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་ནང་གཏིང་ཟབ་ཏུ་འདྲེས་ཡོད་ལ། ལོ65ཡན་ཆད་ཀྱི་རྒན་པ་དང་ལོ3མན་ཆད་ཀྱི་བྱིས་པའི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད་སོ་སོར76.48%དང92.75%ཟིན་ཡོད།
ཀྲུང་ལུགས་དང་ནུབ་ལུགས་ཀྱི་མཐུན་སྦྱོར་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཀྲུང་ལུགས་དང་ནུབ་ལུགས་མཐུན་སྦྱོར་གྱི་སྨན་ཁང་གཙོ་གཟུགས་ལ་བརྟེན་ནས་ལེགས་གྲུབ་བྱུང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་། ཞིང་ཆེན་བོད་སྨན་རྫས་ཞིབ་འཇུག་ཁང་བཅས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས། ཐོན་སློབ་ཞིབ་སྤྱོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་འབྲེལ་བྱས་ཏེ་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིའི《བོད་སྨན་ནད་རིགས་རིགས་དབྱེ་དང་ཚབ་ཨང》དངོས་སུ་ཁྱབ་བསྒྲགས་བྱས། བོད་ལུགས་གསོ་རིག་གི་ཆེད་ལས་གཞི་གྲངས་མཛོད13དང་མཚོ་སྔོན་ཞིང་ཆེན་བོད་སྨན་དང་སྨན་རྫས་ཀྱི་ཆ་འཕྲིན་དྲ་རྒྱའི་སྟེགས་བུ་བསྐྲུན་ནས། སྲོལ་རྒྱུན་གྱི་སྨན་བཅོས་དང་དེང་རབས་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་རིག་གནས་སློབ་གསོའི་དྲིལ་བསྒྲགས་རྟེན་གཞི17བཙུགས་ཡོད་པ་དང་། “ཀྲུང་ལུགས་སྨན་བཅོས་རིག་གནས་སློབ་རར་བསྐྱོད་པའི”བྱ་འགུལ་སྤེལ། ཞིང་ཆེན་ཡོངས་སུ“ཀྲུང་བོད་ལུགས་སྨན་བཅོས་འཆད་འཁྲིད”ཀྱི་ཟོང་རྟགས་རབ་དང་རིམ་པ་སྤེལ་བ་དང་། “དུས་རྟགས་ཉེར་བཞིར་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང་བོད་ལུགས་སྨན་བཅོས་སུ་བསྐྱོད་པའི”བྱ་འགུལ་རབ་དང་རིམ་པ་སྤེལ། མཚན་མོའི་ཁྲོམ་རའི་ཉམས་ལེན་དང་ལག་རྩལ་འགྲན་བསྡུར། སྨན་རྫས་དབྱེ་འབྱེད་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་བ་དང་། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཏེ། ཀྲུང་བོད་ལུགས་སྨན་བཅོས་རིག་གནས་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་རུ་བཅུག ཀྲུང་བོད་ལུགས་སྨན་བཅོས་ཀྱི་རིག་གནས་དང་། རིག་གནས་ཡུལ་སྐོར། ཁམས་གསོ་བཅས་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། ཧུར་ཐག་གིས་ཕྱི་ཕྱོགས་བརྗེ་རེས་རྒྱ་བསྐྱེད་བྱས་ཏེ། ཀྲུང་བོད་ལུགས་སྨན་བཅོས་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་།
སྨན་གསུམ་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་གི་རྨང་གཞིའི་སྟེང་། མི་རིགས་སྨན་རྫས་སྣ60ཁ་གསབ་བྱས་ནས་ཞིང་ཆེན་རིམ་པའི་སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བཅུག རྒྱལ་ཡོངས་ཀྱི་སྔོན་ལ་བོད་སོག་སྨན་གྱི་སྨན་བཅོས་ལས་ཁུངས་སྡེབ་སྦྱོར་སྨན་བཅོས་འགན་སྲུང་གི་དཀར་ཆག་གཏན་འབེབས་བྱས་ཏེ། རིགས531གི་མི་རིགས་ཀྱི་སྨན་སྦྱོར་སྣ3200དང་། ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་སྣ202སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ནང་བཅུག རིགས150ཡི་བོད་སྨན་གྱིས་རྒྱུན་སྤྱོད་ཀྲུང་ལུགས་སྨན་རྫས་བཏུང་ལེབ་སྨན་བཅོས་འགན་སྲུང་ནང་ཁ་གསབ་བྱས་པ་དང་མཉམ་དུ་དོ་མཉམ་པའི་ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་རིལ་བུ་སྨན་བཅོས་འགན་སྲུང་ནང་བཅུག་པར་མ་ཟད་གཏོང་སྤྲོད་ཚད་གཞི་གསལ་བོ་བཟོས་ཡོད། སྨན་བཅོས་ཞབས་ཞུའི་རྣམ་གྲངས་འགན་སྲུང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། མི་རིགས་སྨན་བཅོས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་སྣ153དང་མི་རིགས་སྨན་བཅོས་ཀྱི་ལག་རྩལ་གསར་པ་སྣ32དཀར་ཆག་ནང་བཅུག་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྨན་བཅོས་ཀྱི་ཞབས་ཞུའི་རྣམ་གྲངས་སྣ640ཡི་ཁྲོད་སྣ564སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ནང་བཅུག་པས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་བ་དང་། ལྷག་པར་དུ་གཞི་རིམ་རོང་འབྲོག་ཁུལ་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་བསྐང་ཡོད།