ཟླ1པའི་ཚེས23ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་དོན་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2026ལོར་ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་རིགས་ཀྱིས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་རྒྱུ་དང་། ལེ་ཚན་གྱི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རླུང་འཕྲིན་བརྙན་འཕྲིན་གྱི་སྨྱན་སྦྱོར་དང་འབྲེལ་བའི་འཕོ་འགྱུར་ལ་སྐུལ་འདེད་གང་ལེགས་གཏོང་བ། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ། རླུང་འཕྲིན་བརྙན་འཕྲིན་གྱི་ལྟ་ཉན་དང་འབྲེལ་བའི་བདེ་འཇགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ཕྱོགས་ལྔ་གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་རྒྱུ་རེད། བརྙན་འཕྲིན་ཟློས་གར《བླ་ཤིང་》དང་། དངོས་བཤུས་གློག་བརྙན《ངོ་མཚར་སྟོང་གིས་ཕྱུག་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ།》སོགས་བརྩམས་ཆོས་གསར་རྩོམ་དང་བརྒྱུད་གཏོང་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་བརྗོད་དོན་ལ་དམ་པོར་དམིགས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གྲུབ་འབྲས་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་དྲིལ་སྒྲོག་ཞིབ་ཚགས་བྱས་ནས། རྣམ་པ་སྣ་མང་གི་བརྗོད་དོན་བཅར་འདྲི་བྱེད་སྒོ་སྤེལ་རྒྱུ་རེད། དཔལ་འབྱོར་དྲིལ་སྒྲོག་ལ་མུ་མཐུད་ཤུགས་བསྣན་ནས། ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བ་ཕྱོགས་ཀུན་ནས་སྒྲོག་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བ་སོགས་བརྗོད་དོན་དྲིལ་སྒྲོག་གང་ལེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཉམས་འགྱུར་ཕྱོགས་ཀུན་ནས་མངོན་པར་བྱེད་དགོས།