ཟླ2པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས2026ལོའི་ཞིང་ཆེན་ལྟེ་གནས་ཀྱི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་ཇ་སྟོན་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་། བློ་མཐུན་རྒན་པ་སྟག་འབུམ་ཐར་བཅས་ཇ་སྟོན་ལ་ཞུགས།
པད་གོ་ཡིས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚང་མར་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས2025ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་བདེ་བླག་ངང་མཇུག་བསྡུས་པ་དང་། གྲུབ་འབྲས་ཆེན་པོ་བླངས་ཡོད་པར་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་བ་བདེ་བླག་ངང་མགོ་བརྩམས་ཏེ། མདུན་ལྗོངས་གསར་བ་མངོན་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཆེས་བཟང་བ་དང་འགྱུར་ལྡོག་ཆེས་ཆེ་བ། མང་ཚོགས་ལ་ཕན་བདེ་ཆེས་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་མདུན་སྐྱོད་བྱས་ཡོད། ལོ་འདིའི་ནང་དུ། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་ཚོར་ཡར་བརྩོན། དཀའ་ངལ་མཁྲེགས་གཏོར། སྤོབས་པས་མདུན་སྐྱོད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་ཞིང་གྲུབ་འབྲས་སྔར་བས་ཕུན་སུམ་ཚོགས་པ་བླངས་ཡོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རིམ་པ་གསར་བར་སླེབས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་ཐོལ་བརྒལ་གསར་བ་བྱུང་བ། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་མངོན་པ། དམངས་འཚོ་བདེ་སྐྱིད་ལ་མཐོར་འདེགས་གསར་བ་ཡོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་མཆོང་འཕར་གསར་བ་མངོན་འགྱུར་བཅས་བྱས་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་དུས་སྐབས་ནི། རང་རྒྱལ་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་རྟོག་གིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ནས། རྒྱུན་མཐུད་ངང་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་མང་བོ་འཇོག་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན།
ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་བློ་མཐུན་འགན་ཁུར་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་ཀྱི་འཐུས་ཚབ་པ། ཞིང་ཆེན་ལྟེ་གནས་ཀྱི་བོད་རིགས་ཆེད་མཁས་པ་དང་། མཁས་པ། བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པ། གཞི་རིམ་ལས་བྱེད་ཀྱི་འཐུས་ཚབ་པ། ཆོས་ལུགས་སྡེ་ཁག་གི་འཐུས་ཚབ་པ་བཅས་ཇ་སྟོན་ལ་ཞུགས། རིག་རྩལ་འཁྲབ་སྟོན་པས་ངོ་མཚར་བའི་འཁྲབ་སྟོན་བྱས།