སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་དམིགས་ཏེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས།“ཞིང་གསུམ་”བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་གལ་འགངས་ཆེ། ལོ་འགོ་ནས་བཟུང་ས་གནས་དང་སྡེ་ཁག་སོ་སོས་ལྷོད་གཡེང་མི་བྱེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱས་ལ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུངས་པ་དང་། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་འཚམ་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་གཏོང་བར་ཡར་རྒྱས་གསར་བ་ལེན་པར་སྐུལ་འདེད་བཏང་།
དཔྱིད་ཚུགས་པའི་དུས་སྐབས་འདིར། རྨ་ཆུ་དང་ཧོའེ་ཧེ། ཧའེ་ཧི་ཆུ་བོའི་གྲོ་ཞིང་ཁུལ་དུ་དགུན་གྲོ་རིམ་བཞིན་སྔོ་ལྗང་དུ་འགྱུར་བཞིན་ཡོད་ལ། ལོ་ལེགས་ཡོང་བའི་རེ་བ་གསར་པས་ཁེངས་ཡོད། ལོ་གསར་པར་སླེབས་པ་ན། ཀྲེ་ཅང་ཨན་ཅི་དང་ཧོ་པེ་ཞིན་ལུང་སོགས་རྫོང(གྲོང་ཁྱེར་དང་ཆུས)23རང་རྒྱལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྔོན་སྐྱོད་ཁུལ་སྐོར་ཐེངས་དང་པོར་གཏན་འཁེལ་བྱས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཐབས་ལམ་གསར་པ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས། ལྷོ་ནས་བྱང་བར་གྱི་ལོ་སར་གྱི་དངོས་ཟོག་ཁྲོམ་ཆེན་དུ། ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཚོགས་ཀྱིས་ཁེངས་ཡོད་ཅིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ལ་དགའ་བསུ་ཆེན་པོ་ཐོབ་ནས། གྲོང་གསེབ་ཀྱི་འཛད་སྤྱོད་ཚོང་རར་གསོན་ཤུགས་རབ་ཏུ་རྒྱས་ཡོད། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་“ཞིང་གསུམ་”བྱ་བའི་སྤྱིའི་ཁ་ཕྱོགས་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་བཀོད་སྒྲིག་གནང་ཡོད། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བརྟན་བརླིང་དང་བདེ་འཇགས་མཁོ་སྤྲོད་ལ་འགན་སྲུང་བྱེད་པར། ཁོང་གིས“གཤིན་ས་དང་སོན་བཟང་། གོ་སྐབས་བཟང་པོ། བྱེད་ཐབས་བཟང་བོ་གཅིག་སྡུད་བྱས་ནས་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇི་ལྟར་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་པའི་ཐད། ཁོང་གིས“རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པའི་ཁྲོད་འཇོག་དགོས་ལ། འཚོ་སྡོད་ལས་འཚམ་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་ཇི་ལྟར་འཛུགས་སྐྲུན་བྱེད་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་བཏང་ནས། ཞིང་པའི་འབབ་འཕར་བྱ་ཐབས་ལ་ཤུགས་སྣོན་དགོས་ལ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་ངོ་བོའི་རང་བཞིན་གྱི་ཡར་རྒྱས་དང་། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་པ་བསྟན།
ཀྲུང་གོ་ཞིང་ལས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། ལིན་ཝན་ལུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་“ཞིང་གསུམ་”བྱ་བར་མཐོང་ཆེན་གནང་སྟེ། མི་རིགས་བསྐྱར་དར་དང་གྲོང་གསེབ་དར་སྤེལ་ཐེངས་མང་པོར་ནན་གྱིས་བསྟན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་ལག་བཙུགས་ཏེ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། དེ་མིན་ཕྱི་ཕྱོགས་སུ་ཞོར་ལས་དང་ལས་ཞུགས་བྱེད་པའི་ཡོང་འབབ་འཕར་བའི་ཐབས་ལམ་བཅས་ཟུང་འབྲེལ་བྱ་རྒྱུར་བསམ་གཞིག་བཏང་སྟེ། ཕྱོགས་བསྡུས་སྲིད་བསྟར་བྱ་དགོས་ཟེར།
ཉེ་ལམ་ཁྱབ་བསྒྲགས་བྱས་པའི2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་དམིགས་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། སྔར་བས་གནད་འཁེལ་དང་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་བཞིན་ཡོད། འབྲུ་རིགས་ཐོན་འབོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ཡས་མས་ཀྱི་དམིགས་འབེན་ལ་གཞིགས་ནས། ད་ལོའི་རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་མཐོར་གཏོང་ལས་གཞི་ལག་བསྟར་གྱི་གཞི་ཁྱོན་མངོན་གསལ་གྱིས་རྒྱ་ཆེ་རུ་བཏང་སྟེ། ས་གནས་སོ་སོས་གཞི་ཁྱོན་སྔར་བས་ཆེ་བ་དང་ནུས་ཤུགས་སྔར་བས་ཆེ་བའི་སྒོ་ནས་འབྲུ་སྣུམ་ལོ་ཏོག་གི་མུའུ་རེའི་ཐོན་འབབ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། སྒྲིག་གཞིའི་རྫོང་ཧྲིལ་བོའི་ལག་བསྟར་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་ངེས། དུས་མཚུངས་སུ། ད་ལོ་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་བཀག་ལ་སླེབས་རྗེས་སླར་ཡང་ལོ30རིང་དུ་གཏོང་བའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟའི་ལས་དོན་སྤེལ་ནས། ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་སློང་ངེས། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བར་དམིགས་ནས། ད་ལོར་རང་རྒྱལ་གྱིས་དེང་རབས་ཞིང་ལས་ཐོན་ལས་གླིང་དང་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་འདུས་ཚོགས། ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ། ཐོན་ལས་སྟོབས་ལྡན་སྡེ་བ་སོགས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཐོག་མའི་ལས་སྣོན། ཞིབ་ཕྲའི་ལས་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། འཁོར་འབྲེལ་མུ་ཕྲེང་དང་གཞན་སྤེལ་ཞན་གསབ་ལ་སྐུལ་འདེད་གཏོང་ངེས། ས་གནས་སོ་སོས་ལས་སྣོན་ལ་བརྟེན་ནས་ཐོན་རྫས་ཀྱི་འཕར་ཐང་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱ་དགོས། ད་ལོ་ལོ་འགོ་ཚུགས་པ་ནས་ས་གནས་སོ་སོས་རིགས་དབྱེ་དང་གོ་རིམ་ལྡན་པ། ས་ཁུལ་ཅན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱས། ཅང་སུའུ་སུའུ་ཆན་ཚའེ་ཅི་གྲོང་རྡལ་ཉིའུ་ཅའོ་སྡེ་ཁུལ་དུ་གསར་དུ་བསྐྲུན་པའི“གངས་འཁྱག་གནས་མཆོག”དེ་དགུན་ཁའི་གུང་གསེང་སྐབས་སུ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། སྔོན་ཆད་ཐག་རིང་ལུང་ཁུག་ཏུ་གནས་པའི་སྡེ་བ་འདི། ཉེ་འཁོར་གྱི་སྡེ་བ་དང་ཐོན་ཁུངས་སྤྱི་འདོམས། གཅིག་གྱུར་གྱི་འཆར་འགོད། ཐུན་མོང་འཕེལ་རྒྱས་བཅས་བརྒྱུད་དེ་གསོན་ཤུགས་གསར་པ་རྒྱས་ཡོད།
ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཚའེ་ཅི་གྲོང་རྡལ་ཉིའུ་ཅའོ་སྡེ་ཁུལ་གྱི་སྡེ་མི། ཀྲུའུ་ཅེ་ཡིས་བཤད་རྒྱུར། ང་ཚོས་རང་གི་སྡོད་ཁང་དེ་དམངས་ཤག་ཏུ་བསྒྱུར་ནས་ཡོང་འབབ་བཙལ་གི་ཡོད་ལ། སེམས་ཡང་བདེ་ཀི་ཟེར།
ད་ལོར། རང་རྒྱལ་གྱིས་ཡུལ་བབ་དང་བསྟུན་ནས་འཚོ་སྡོད་དང་ལས་སྒྲུབ་ལ་འཚམས་པའི་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད། གཅིག་བསྡུས་འདེགས་སྐྱོང་གི་རིགས་དང་གྲོང་འདབས་མཉམ་འདྲེས་ཀྱི་རིགས། ཁྱད་ལྡན་སྲུང་སྐྱོང་གི་རིགས་བཅས་ཀྱི་གྲོང་ཚོ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། “གང་ཞིག་ཆད་ན་དེ་ཁ་གསབ་བྱེད་པའི”རྩ་དོན་གཞིར་བཟུང་སྟེ། གྲོང་ཚོའི་འགྲོ་ལམ་སྲ་འགྱུར་དང་ཆུ་འདོན་འབུད། དངོས་བསྐུར་ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ཡིན་ལ། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་ལེགས་སུ་གཏོང་ངེས། ད་ལོར། རང་རྒྱལ་གྱི་དབུལ་ཐར་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་གྱི་ལོ5ཡི་བར་བརྒལ་དུས་སྐབས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གྱི་ལོ་དང་པོར་སླེབས་ཡོད། ས་གནས་ཁག་གིས་གཅིག་གྱུར་ཚད་ལྡན་དང་གནད་ཁེལ་དབྱེ་འབྱེད། འགུལ་རྣམ་ལེགས་སྒྲིག་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བཞིན་ཡོད་པར་མ་ཟད། དགེ་མཚན་མངོན་གསལ་དོད་པ་དང་འབྲེལ་ཐག་ཆ་ཚང་བ། ལས་ཀའི་རྣམ་པ་ཕུན་སུམ་ཚོགས་པ་བཅས་ཀྱི་རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ཁག་ཅིག་གསོ་སྐྱོང་གང་མགྱོགས་བྱེད་བཞིན་ཡོད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞིའི་ནང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། རང་རྒྱལ་གྱིས་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྤྱིའི་དམིགས་བྱར་བཟུང་ནས། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་གང་ཐུབ་བྱེད་པ་དང་ཞིང་སྡེ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། ཞིང་པའི་འཚོ་བ་སྔར་ལས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།