མཚོ་སྔོན་པོ་མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་མཚེའུ་ཡི་གྲས་སུ་བདམས་ཐོན་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས4ཉིན། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་ཐོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་གཙང་དཔོན་དང་མཚེའུ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་གིས་ཉེ་ལམ2025ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་མཚེའུ་ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་ནང་ལོག་གི་ཆེས་ཆེ་བའི་ཚྭ་མཚོ་སྟེ་མཚོ་སྔོན་པོ་དེའི་གྲས་སུ་ཚུད་ཡོད།

མིག་སྔར། མཚོ་སྔོན་པོ་དེ་ད་ལྟ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་འཐབ་ཇུས་སྣོལ་འབྲེལ་གྱི་དུས་སྐབས་སུ་འཁེལ་ཡོད་ཅིང་། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ལྟ་ཞིབ་དང་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏོང་བ་དང་། དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས་ཀྱི་རིམ་པ་གཉིས་པའི་དོ་དམ་མ་ལག་འཛུགས་པ། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔང་ཡིག་གསུམ་གྱི་རྐྱེན་སྲོལ་གསར་གཏོད་བྱེད་པ། ཁྲིམས་བསྟར་ལས་དོན་གྱི་དབང་སྤྲོད་དང་། དོ་དམ་ཅུས་ཀྱི་མཐུན་སྦྱོར་ལྟ་སྐུལ། ས་གནས་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར། ཁྲིམས་བཤེར་མཉམ་སྒུལ་གྱི་ཁྲིམས་གཅོད་སྦྲེལ་མཐུད་བཅས་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར་རྣམ་པ་གྲུབ་པར་བྱས། ནུས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྟ་བཤེར་དང་ལྟ་སྐུལ་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བརྟན་པོར་བཟང་ཕྱོགས་སུ་འཕེལ་བ། དགོ་ཁྱུའི་ཁ་གྲངས3700ལྷག་ལ་སླེབས་པ་དང་། ཆུ་བྱའི་རིགས་ཀྱི་ཁ་གྲངས་འབུམ་དྲུག་དང་སྟོང་དྲུག་ལྷག་ལ་སླེབས་ཤིང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་འབུམ་གཅིག་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་སླར་གསོ་བྱུང་། ཆུའི་ཁོར་ཡུག་མཚོན་རྟགས་གལ་ཆེན་གྱིས་བརྟན་འཇགས་རྣམ་པ་སྲུང་འཛིན་བྱས་ཡོད་ལ། བརླན་སའི་རྒྱ་ཁྱོན་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད། སྔོ་ལྗང་གི་ཁེབས་རྒྱ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པས། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད།

དུས་མཉམ་དུ། མ་ལག་བཅོས་སྐྱོང་འབུར་དུ་ཐོན་པར་བྱས་ཤིང་། རི་ཆུ་ནགས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་བཏང་ནས་བརླན་ས་སྲུང་སྐྱོབ་དང་སླར་གསོ་དང་། ཆུའི་སྐྱེ་ཁམས་སླར་གསོ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་སོགས་ཀྱི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་ལ། ཕྱོགས་ཡོངས་ནས་རྙོག་འཛིང་གི་གནས55སྒོ་རྒྱག་ཏུ་བཅུག་པ་དང་། མཚོ་སྐོར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ7ལ་བཙོག་ཆུ་ཕྱིར་གཏོང་མེད་པ་མངོན་འགྱུར་བྱུང་བ་དང་། གད་སྙིགས་ར་བ16ས་གནས་གཞན་དུ་གཅིག་སྡུད་བྱས་ནས་རྒྱུན་མཐུད་ལ་སྐྱེལ་འདྲེན་བྱས། བརླན་ས་དང་རྩྭ་ཐང་། མཚེའུ། ཆུ་བོ་བཅས་ཀྱི་སྐྱེ་ཁམས་མ་ལག་གཙོ་བོའི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མཐོ་རུ་བཏང་ཡོད། ལྗང་མདོག་འཕེལ་རྒྱས་ཀྱིས“གནས་སྡོད་དང་ལས་ཞུགས་ལ”མཚམས་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།   མཚོ་སྐོར་གྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ12དང་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་མུ་ཕྲེང་གྲུབ་པར་བྱས་ནས།     མཚོ་སྐོར་ས་ཁོངས་ཀྱི་རོང་འབྲོག་པ་ཁྲི2ལྷག་གིས“སྐྱེ་ཁམས་ཀྱི་ཕོར་བ”བཟུང་ནས་ཡུལ་སྐོར་གྱི་ཡོང་སྒོ་ལེན་རྒྱུར་སྐུལ་ཁྲིད་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར“ཚོགས་པ་གོང་འཕེལ་གཏོང་རྒྱུའི”གཉེར་སྐྱོང་རྣམ་པ་གསར་པ་དང་ཡུལ་སྐོར་གྱིས་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་གསར་པར་སྐུལ་འདེད་བཏང་སྟེ། མཚོ་སྐོར་ས་ཁོངས་ཀྱི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་སྒོས་མཐོ་རུ་ཕྱིན་ཡོད།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།