“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། ས་གནས་ཁག་གིས་དམངས་འཚོའི་འགན་སྲུང་སྲིད་ཇུས་བཏོན་པ་དང་། དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི“བྲེལ་དཀའ་ཁྲེལ་སྒུག”གི་གནད་དོན་ཐག་བཅད་ནས། དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་བཏང་།
ལས་ཞུགས་ཐབས་ལམ་ཤར་གཏོང་བྱས་ནས། ས་གནས་ཁག་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ད་ལོའི་དམངས་འཚོའི་གཙོ་གནད་བྱ་བར་བརྩིས།
ལེའོ་ཉིང་གིས་ལོ་ཧྲིལ་པོར་ལས་ཞུགས་ལས་གནས་ཧ་ལམ་ས་ཡ་གཅིག་འབུམ་གཉིས་གསར་སྣོན་བྱ་རྩིས་ཡོད་ལ། གཙོ་གནད་ཚོགས་སྤྱི་དང་ཁྱབ་ཁོངས་ལ་དམིགས་ནས། ནུས་ཁུངས་གསར་པའི་རླངས་འཁོར་གྱི་རྩལ་ནུས་སོགས་ཆེད་དོན་གསོ་སྦྱོང་ཁག་བཅུ་སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། ཁེ་ལས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་རིགས་རྩལ་ནུས་མཐོ་རུ་བཏང་།
ཨན་ཧུའེ་ཡིས་ད་ལོར་དགེ་མཚན་ལྡན་པའི་ཐོན་ལས་དང་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་ལ་དམིགས་ཏེ། ཁྲལ་འཕྲི་ཡོན་གཅོག་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སོགས་ཀྱི་སྲིད་ཇུས་བརྒྱུད་དེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱས་ནས། སྔོན་རྩིས་ལྟར་ན་ལས་ཞུགས་ལས་གནས་ས་ཡ་གཅིག་འབུམ་གཅིག་མཁོ་འདོན་བྱས། དེ་དང་ཆབས་ཅིག གྲངས་འཛིན་ཅན་གྱི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། ལས་མི་བཀོལ་སྤྱོད་དང་ལས་ཞུགས་ཀྱི་དགོས་མཁོར་གནད་སྨིན་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་གྱི་སྡེ་ཁུལ་གྱི“སྤྱི་ལེ་གསུམ”གྱི་ལས་ཞུགས་ཚོམས་བསྐྲུན།
ཨན་ཧུའེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཞུགས་སྐུལ་འདེད་དང་ལས་ཤོར་འགན་བཅོལ་ཁྲུའུ་ཡི་ཁྲུའུ་ཀྲང་ཐང་ཞའོ་ཧྥུང་གིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ང་ཚོས་ལས་ཞུགས་ཞེས་པའི་ཆེས་གཞི་རྩའི་དམངས་འཚོ་འདིར་དམིགས་ནས། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་འཕར་སྣོན་མཐུན་སྦྱོར་ནུས་ལྡན་ཡོང་བར་ཤུགས་སྣོན་དང་། ལས་ཞུགས་འཕར་སྣོན་གྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་རྒྱུ་ཡིན་ལ། གནད་འཁེལ་ནུས་མཐོའི་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་རོགས་སྐྱོར་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ཏེ། འགུལ་སྐྱོད་དངོས་ཀྱིས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད། དམངས་འཚོ་ལ་ཕན་པ་བསྐྲུན་རྒྱུ་ཡིན་ཟེར།
ནུས་ཤུགས་ཡོད་རྒུས་དེ་བས་འཐུས་ཚང་དང་དེ་བས་སྟབས་བདེའི་སྨན་བཅོས་མ་ལག་བསྐྲུན་དགོས།
ད་ལོ་ཞིན་ཅང་གིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ས་ཁོངས་སུ་དོ་སྙོམས་སྒོས་བཀོད་སྒྲིག་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། ད་ལོའི་ལོ་མཇུག་ཏུ་ཚགས་དམ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་ཡོངས་སུ་ཁེབས་པར་བརྩོན་ལེན་བྱེད་དགོས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་སྡོད་དམངས་ལ་སྐར་མ15རིང་སྨན་བཅོས་བདེ་ཐང་དོ་དམ་ཞབས་ཞུ་ཐོབ་རྒྱུ་མངོན་འགྱུར་བྱ་དགོས།
ཀོང་ཏུང་གིས་སྨན་བཅོས་དམངས་ཕན་གྱི་བྱ་ཐབས་ལ་དམིགས་ཏེ། ད་ལོ་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་ཨང་ཐོ་འགོད་པའི་ཞབས་ཞུ་ལེགས་སུ་བཏང་ལ། སྨན་ཁང་གི་བརྟག་ཞིབ་དང་ཞིབ་བཤེར་བྱས་འབྲས་ཞིང་ཆེན་ཡོངས་སུ་ཕན་ཚུན་ཁས་ལེན་དང་། ཕན་ཚུན་ཁས་ལེན་གྱི་རྣམ་གྲངས300ལས་བརྒལ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། ཁྱབ་ཁོངས་དེ་རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་ནས་གཞི་རིམ་སྨན་བཅོས་ལས་ཁུངས་སུ་རྒྱ་བསྐྱེད།
ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ལི་ཆུན་གྱིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ནད་རིགས་སྔོན་འགོག་དང་སྨན་བཅོས་ཐད་ནུས་པ་ཤུགས་བཏོན་ནས། རོགས་རམ་དང་ལྟ་སྐྱོང་མི་དགོས་པར་བྱ་ངེས་ལ། ན་ནིང་གི་ཚོད་ལྟའི་རྨང་གཞིའི་ཐོག་སྤུས་འདེགས་ངོས་བསྐྱེད་བྱས་ཏེ། ད་ལོ་སླར་ཡང10%ཆེ་རུ་གཏོང་རྩིས་ཡོད་པ་རེད། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ང་ཚོས་སྨན་ཁང20རུ་རྒྱལ་སྤྱིའི་སྨན་བཅོས་ཞབས་ཞུའི་ཚོད་ལྟ་བྱས་ནས། མཚོ་ཁུག་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ངེས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མང་ཚོགས་ཀྱི་སྨན་པ་བསྟེན་པ་པའི་ཐོབ་ཚོར་ཆེ་རུ་གཏོང་དགོས་ཟེར།
སི་ཁྲོན་གྱིས་ད་ལོར་བུ་བཅོལ་སློབ་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་ཀུན་ཕན་བུ་བཅོལ་ཞབས་ཞུའི་ལས་ཁུངས་ཁག་ཅིག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྤྱི་པའི་འཛུགས་སྐྲུན་དང་ཀུན་ཕན་བུ་བཅོལ་གྱི་བསྡུར་ཚད་རིམ་བཞིན་རྒྱ་བསྐྱེད་པ་མ་ཟད། ཆ་རྐྱེན་དང་འཚམ་པའི་ཀུན་ཕན་བུ་བཅོལ་ཞབས་ཞུའི་ལས་ཁུངས་ལ་གཉེར་སྐྱོང་ཁ་གསབ་བྱིན། ད་ལོ་ཧའེ་ནན་གྱིས་རྨང་གཞིའི་སློབ་གསོའི་གཞུང་སྒྲུབ་སློབ་གནས་ཁྲི4མང་དུ་གཏོང་རྒྱུ་དང་མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་བསྡུའི་མི་གྲངས་ཁྲི1ལྷག་མང་དུ་བཏང་ནས། སྤུས་ལེགས་སློབ་གྲྭ་གྲོང་ཁྱེར་དང་རྫོང་ལས་བརྒལ་ནས་སློབ་གསོའི་ཚོགས་པ་འཛུགས་པར་གང་མགྱོགས་སྒོས་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བའི་འཆར་གཞི་ཡོད་པ་རེད།