ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་དང་ཆུའི་ཐོན་ཁུངས་ཀྱི་གཅུན་སྡོམ་མཁྲེགས་པོ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད། སྲིད་གཞུང་གི་ཁྲིམས་འཛུགས་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།    

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་འདུ་ཟླ1ཚེས30ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།     སྲིད་གཞུང་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། སྣེ་ཁྲིད་དེ་ཡང་དག་པའི་ཆབ་སྲིད་བྱས་འབྲས་ཀྱི་ལྟ་བ་ཆགས་པར་བྱེད་པ་དང་ལག་ལེན་དུ་བསྟར་ནས་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་པ་ནན་གྱིས་བསྟན།    

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པར་འགོ་འཛིན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། མདུན་གྲལ་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་པ། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དགེ་མཚན་དང་སྐྱེ་ཁམས་དགེ་མཚན། ཐོན་ལས་རྨང་གཞི་བཅས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་དང་། འབྱུང་འགྱུར་ཐོན་ལས་ཀྱི་གཙོ་རྒོལ་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་འདེམས་པ་དང་། ཐོན་ལས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་འབུར་དུ་ཐོན་པ། ཞབས་ཞུ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།    

གྲོས་ཚོགས་ལས་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་མི་སྣ་འདེམས་སྤྱོད་ཀྱི་ཁྲིད་སྟོན་ཡང་དག་ཆགས་པ་དང་། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ། སྐུལ་ལྕག་དང་གཅུན་སྡོམ་མཉམ་འཛིན། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་མཐུན་སྦྱོར་ནུས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པས་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་ལེགས་པར་བསྐྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་དམ་འཛིན་བྱས་ཏེ། དྲང་ཕྱོགས་ཀྱི་དྲིལ་སྒྲོག་དང་སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་བསྣན་ནས་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། སེམས་ཤུགས་དང་བརྩེ་བ་ལ་བརྟེན་ནས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་དགོས་པ་ནན་གྱིས་བསྟན།    

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ལུགས་རྙིང་ལོ་སར་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། ལངས་གནས་སྔར་ལས་མཐོན་པོའི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་པ་དང་། བྱེད་ཐབས་སྔར་ལས་ཞིབ་ཕྲའི་ཐོག་ནས་མངོན་མེད་རྐྱེན་ངན་ཞིབ་བཤེར་ལེགས་བཅོས་གཏིང་ཟབ་བྱེད་པ། བྱ་སྤྱོད་སྔར་ལས་ཏན་ཏིག་གི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བདེ་འཇགས་འགོག་ཟོན་གྱི་འགན་འཁྲི་དང་བྱེད་ཐབས་དེ་གཞི་རིམ་གྱི་མཇུག་སྣེ་རུ་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་བརྟན་བརླིང་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་སྐྱིད་པོ་ཞིག་རོལ་བར་འགན་ལེན་བྱེད་དགོས།    

གྲོས་ཚོགས་ལས་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་གཅིག་འདོམས་བྱས་ཏེ་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་མོ་ཞིག་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ལེགས་པོ་བྱེད་དགོས། ཞིང་ས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སོ་ནམ་དུས་ཚིགས་དམ་འཛིན་བྱས་ནས་དཔྱིད་ཀའི་རྨོ་འདེབས་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་དཔྱིད་གསར་དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་ལ་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།    

གྲོས་ཚོགས་འདུ《མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱིས〈ཐོན་ཁུངས་དང་ཁོར་ཡུག་གི་བདག་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་ཆ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར〉ལག་བསྟར་དང་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར》དང་།《ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ལས་འགན་ལས་བགོས་ལ་སྔར་ལས་ཤུགས་སྣོན་རྒྱུའི་སྐོར་གྱི་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་ལྟར་གྲོས་འཆམ་བྱུང་བ་དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2026ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི(འཆར་ཟིན)》ལ་གྲོས་ཞིབ་བྱས།    

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།