མཚོ་སྔོན་མཚོ་བྱང་ཁུལ་གྱིས་སྒོར་དུང་ཕྱུར1.6བཏང་ནས་གྲོང་གསེབ་དར་སྤེལ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས20ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རོང་འབྲོག་དང་ཚན་རྩལ་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་མཚོ་བྱང་ཁུལ་གྱི་ནོར་སྲིད་སྦྲེལ་མཐུད་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁག་དང་པོའི་ཁ་གསབ་སྒོར་དུང་ཕྱུར1.6ཐོན་ཡོད་ལ། དེས་ཐོན་ལས་རིམ་སྤོར་དང་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས། དམངས་ཚིས་འགན་སྲུང་བཅས་ལ་མུ་མཐུད་དུ་ནུས་པ་འདོན་རྒྱུ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། མཚོ་བྱང་ཁུལ་གྱིས་བསྡོམས་པས་རྣམ་གྲངས་ཁག778ལག་བསྟར་བྱས་པ་དང་། ཐོན་ལས་རྣམ་གྲངས347ས་གནས་མང་པོ་ནས་ལས་འགོ་ཚུགས་ཤིང་། “རྫོང་ལ་གཙོ་ཁྲིད་ཡོད་པ་དང་། ཡུལ་ཚོ་ལ་ཁྱད་ཆོས་ལྡན་པ། གྲོང་ཚོར་གཞི་རྟེན་ཡོད་པའི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་ནས་རོང་འབྲོག་པ་ཁྲི11ལྷག་གི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། གྲོང་ཚོ་ཐུན་མོང་གི་ཡོང་འབབ་སྒོར་ཁྲི3472ལས་བརྒལ། སྒོར་དུང་ཕྱུར9.26རྨང་གཞིའི་འཛུགས་སྐྲུན་གྱི་ཕྱོགས་སུ་བཏང་བ་དང་། གྲོང་ཚོ་དང་འབྲེལ་མཐུད་བྱེད་པའི་གཞུང་ལམ་སྤྱི་ལེ701.81གི་སྤུས་ཚད་མཐོ་རུ་བཏང་། འཐུང་ཆུའི་བདེ་འཇགས་ལས་གྲྭ65ཡིས“སྲོག་རྩ་”བརྟན་པོ་བསྐྲུན་པ་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་ནས་རོང་འབྲོག་ཁུལ་གྱི་རི་ཆུ་སྔོ་ཞིང་དྭངས་པར་བསྒྱུར། དེ་དང་ཆབས་ཅིག་ཏུ། ཁ་གསབ་སྒོར་དུང་ཕྱུར0.62གིས་མི་ཁྲི2ལྷག་ལ་ཕན་ཁེ་བསྐྲུན། 

ད་ལོའི་ཁག་དང་པོའི་སྒོར་དུང་ཕྱུར1.6དེ་གཙོ་བོ་ཁྱད་ཆོས་ལྡན་པའི་འདེབས་གསོ་དང་། རོང་འབྲོག་ཐོན་རྫས་ལས་སྣོན། གྲོང་གསེབ་ཡུལ་སྐོར་སོགས་དགེ་མཚན་ལྡན་པའི་ཐོན་ལས་དང་དེ་བཞིན། འགྲོ་ལམ་དང་ཆུ་བེད་སོགས་དམངས་ཚིས་ཀྱི་ཆད་སྐྱོན་ཁྱབ་ཁོངས་སུ་གཏོང་འཆར་ཡོད་དོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།