ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 

ཟླ2པའི་ཚེས3ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སོགས་ཀྱི་གྲོང་ཁྱེར་བྱ་བའི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འབད་པས་བསྐྲུན་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

མགོན་པོ་བཀྲ་ཤིས་དང་། ལིའུ་ཆི་ཧྥན་སོགས་འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལས་ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། ན་གོར་མོ་གྲོང་ཁྱེར། གཅིག་སྒྲིལ་རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་བྱ་བར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེས། ང་ཚོས་དུས་རབས་གསར་པར་གྲོང་ཁྱེར་བྱ་བ་ཡག་པོར་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། ཏང་གི་གྲོང་ཁྱེར་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ནན་ཏན་གྱིས་ལག་བསྟར་བྱེད་པ། དུས་རབས་གསར་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གནས་བབ་འགྱུར་ལྡོག་ལ་ངོས་འཛིན་ཟབ་མོ་བྱེད་པ། དུས་རབས་གསར་པའི་གྲོང་ཁྱེར་བྱ་བ་ཡག་པོར་སྒྲུབ་པའི་སྤྱིའི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཐབས་ལམ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ནས། རང་ཞིང་གི་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ཉེ་བའི་ལོ་འགའི་རང་ཞིང་གི་གྲོང་ཁྱེར་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་ལ། སྐྱེ་ཁམས་བདེ་སྡོད་ཀྱི་དགེ་མཚན་འབུར་དུ་ཐོན་ཞིང་། ཐོན་ཁུངས་ཀྱི་དགེ་མཚན་མངོན་གསལ་དོད་པོ་དང་། གྲོང་རྡལ་ཅན་གྱི་རྗེས་སྟོབས་ཁྱད་དུ་འཕགས་པས་གྲོང་ཁྱེར་བྱ་བ་སྤུས་ཚད་མཉམ་འཕར་གྱི་དུས་རིམ་གསར་པར་ཞུགས་ཡོད། དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་བསྐྲུན་པར་དམིགས་ཏེ། ཤུགས་ཆེན་པོས་གྲོང་ཁྱེར་བར་སྟོང་གི་བཀོད་པ་ལེགས་སྒྱུར་དང་བྱེད་ནུས་རིགས་བགར་བྱས་ནས། ཁུལ་ཁོངས་དོ་སྙོམ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་སྒུལ་ནུས་བསྐྱེད་པར་དམིགས་ཏེ། ཞིབ་ཚགས་ནུས་མཐོ་དང་། གསོན་ཤུགས་ལྡན་པའི་ཐོན་ལས་གྲོང་ཁྱེར་གསར་པ་དང་ཁྱད་ལྡན་གྲོང་རྡལ་བསྐྲུན་དགོས། བྱེད་ནུས་སྤུས་ཚད་མཐོར་འདེགས་གཏོང་བར་དམིགས་ཏེ། གྲོང་ཁྱེར་གསར་སྒྱུར་དང་སྒྱུར་བཀོད་ཀྱི་ནུས་ཚད་ཇེ་ཆེར་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས། གྲོང་ཁྱེར་གྱི་སྤྱིའི་བྱེད་ནུས་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས། ཁང་བ་ཡག་པོ་དང་སྡོད་ཁུལ་བཟང་པོ།  སྡེ་ཁུལ་ལེགས་པོ་བཅས་བསྐྲུན་པར་དམིགས་ཏེ། མང་ཚོགས་ཀྱི་སྡོད་ཁང་དང་འཚོ་བའི་ཁོར་ཡུག་དངོས་སུ་ལེགས་བཅོས་གཏོང་དགོས། མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་ལ་དམིགས་ཏེ། གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས། བདེ་སྡོད་ལས་འཚམ་གྱི་འཚོ་བའི་བར་སྟོང་བསྐྲུན་དགོས། གྲོང་ཁྱེར་གྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པར་དམིགས་ཏེ། ཁང་བའི་བདེ་འཇགས་དོ་དམ་དང་། ས་འོག་སྦུག་དྲ་འཛུགས་སྐྲུན་དང་ལེགས་སྒྱུར་ལ་ཤུགས་བསྣན་ནས། གྲོང་ཁྱེར་གྱི་གནོད་འགོག་གནོད་འཕྲི་དང་གནོད་སྐྱོབ་བྱེད་ནུས་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་ལ་དམིགས་ཏེ། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱེད་པ་དང་། གྲོང་མིའི་མི་ཆོས་སྤུས་ཚད་ཇེ་མཐོར་གཏོང་བ། མི་རིགས་བར་གྱི་འབྲེལ་འདྲིས་གསུམ་ཕན་ཚུན་བསྣོལ་མར་འབྲེལ་བར་ཤུགས་སྣོན་པའི་སྡེ་ཁུལ་བསྐྲུན་དགོས། གྲོང་ཁྱེར་གོ་རིམ་ལྡན་པར་འཁོར་སྐྱོད་ལ་འགན་སྲུང་བྱེད་པར་དམིགས་ཏེ། ཕན་ནུས་མཐོ་བའི་གྲོང་ཁྱེར་བཅོས་སྐྱོང་གི་འགན་སྲུང་མ་ལག་འཛུགས་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ། འབྲོག་ཁུལ་བཅས་སྒྲིག་གཞི་སྣ་གསུམ་མཉམ་གནས་ཀྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། བསམ་བཀོད་གཅིག་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། མ་ལག་གི་འདུ་ཤེས་ལ་བརྟེན་ནས་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལ་བརྟེན་ནས་གྲོང་ཁྱེར་གྱི་ནང་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་འཁེལ་གྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཁྱེར་གསར་སྒྱུར་དམ་འཛིན་ལེགས་པོ་བྱེད་དགོས། དངོས་གཉེར་ཁག་ཁུར་ལ་བརྟེན་ནས་གྲོང་ཁྱེར་གྱི་བྱ་བའི་འཇོན་ནུས་མཐོར་འདེགས་གཏོང་དགོས། ཐོན་ལས་དང་གྲོང་ཁྱེར། མི་འབོར་བཅས་མཐུན་སྦྱོར་མཉམ་འདྲེས་ལ་གཅིག་འདོམས་བྱས་ཏེ། གྲོང་ཁྱེར་གྱི་སྒྲིག་གཞི་ལེགས་སྒྱུར་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་འདེགས། ལྗང་མདོག་ཚུལ་སྒྱུར། རིག་རྒྱུན་འཛིན་སྐྱོང་། བཅོས་སྐྱོང་ནུས་མཐོ་བཅས་ལ་སྐུལ་འདེད་བཏང་ནས། མཐོ་སྒང་གི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འབད་པས་བསྐྲུན་ཆེད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།