《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་བསྒྲགས་བྱས།

《བསམ་འཆར》ལས་བསྟན་དོན། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་འབྲེལ་ཡོད། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། “ཞིང་གསུམ”བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས།  “ཞིང་གསུམ”གནད་དོན་ཐག་གཅོད་བཟང་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ།  བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་གཏོང་བར་དམིགས་ཏེ།  གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱིའི་དམ་འཛིན་བྱ་ཡུལ་དུ་འཛིན་པ་དང་།“བཟོ་སྐྲུན་མང་པོའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་ཁྲིད་སྟོན་དུ་འཛིན་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བཟུང་སྟེ། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་སྟེ།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།  ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་ཇེ་མཐོར་བཏང་སྟེ།  ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་རུ་འཛུགས་སྐྲུན་བྱེད་པ་དང་ཞིང་སྡེ་རུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། ཞིང་པའི་འཚོ་བ་སྔར་ལས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

《བསམ་འཆར》ལས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་བཏང་སྟེ།  འབྲུ་སྣུམ་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས། “ཤ་ཚལ་སྒོང་གསུམ”གྱི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་འདེགས་ལ་ཤུགས་སྣོན། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཐོན་སྐྱེད་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ནན་གྱིས་བསྟན་དོན། རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལག་ཏུ་བསྟར་ཏེ།  རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་གནད་འཁེལ་རང་བཞིན་དང་དུས་ཀྱི་རང་བཞིན་མཐོ་རུ་གཏོང་བ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་སྟེ།  རིམ་པ་དང་རིགས་དབྱེ་ནས་དར་རྒྱས་བྱུང་མེད་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས།

《བསམ་འཆར》ལས་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་འབད་པས་སྐུལ་འདེད་གཏོང་དགོས། ཞིང་པའི་ཞིང་གཉེར་འབྲུ་འདེབས་ཀྱི་བརྩོན་སེམས་ལ་སྲུང་སྐྱོབ་དང་སྐུལ་སློང་བྱས་ནས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཞིང་ལས་བའི་ལས་གནས་བརྟན་པོ་དང་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་སྐྱེད་དགོས་པའི་བླང་བྱ་བཏོན།《བསམ་འཆར》ལས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་རྒྱལ་ཁོངས་བར་སྟོང་གི་བཀོད་པ་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར་བྱས་ཏེ།  གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཡ་རབས་ཡུལ་སྲོལ་འཛུགས་སྐྱོང་བྱས་ནས་དུས་བདེའི་ཁྲིམས་སྐྱོང་གྲོང་གསེབ་ཅིག་སྐྲུན་དགོས།

《བསམ་འཆར》ལས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་ཤུགས་སྣོན་དགོས། དེང་རབས་ཞིང་ལས་ཀྱི་གཉེར་སྐྱོང་མ་ལག་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ལེགས་པོ་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བའི་དངུལ་གཏོང་དངུལ་བསྲེས་ལམ་སྲོལ་གསར་གཏོད་བྱས་ཏེ། མཁར་གྲོང་གི་གྲུབ་རྐྱེན་གཙོ་བོ་ཕྱོགས་གཉིས་ལ་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ནན་གྱིས་བསྟན་དོན། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་ཤུགས་སྣོན་དང་།  ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་སྡེའི་བྱ་བ་སྒྲུབ་སྟངས་དང་བྱེད་ཐབས་ལེགས་བཅོས་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།