མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས30ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཤེས་གསལ་ལྟར་ན། “འགན་ཁུར་དུ་བླངས་ཏེ། དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་དང་། མཁྲེགས་གཏོར་དཀའ་སེལ”གྱི་བཀོད་སྒྲིག་བླང་བྱ་དམ་པོར་བཟུང་ནས། རྟ་ཐང་རྫོང་གིས་ཞིང་ཆེན་ཡོངས་གྱི《མཐོ་སྒང་གི་སྔོ་ཚལ་བསིལ་གྲང་ལྷད་མེད་ཚད་ལྡན་ཅན་འདེབས་འཛུགས་བྱེད་པའི་སྤྱིའི་བླང་བྱ》(T/CAQP045-2026)ཐོག་མ་ཁྱབ་སྒྲོག་བྱས་པ་རེད།
ཤེས་གསལ་ལྟར་ན། རྟ་ཐང་རྫོང་ཞིང་ལས་གྲོང་གསེབ་ཅུའུ་སྔོ་ཚལ་ལག་རྩལ་ཞབས་ཞུའི་ལྟེ་གནས་ཏང་ཀྲི་པུའུ་ཡིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དང་ཆེད་མཁས་པའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་ལག་རྩལ་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། འདེབས་འཛུགས་དུད་ཚང་དང་། སྣེ་ཁྲིད་ཁེ་ལས། མཉམ་ལས་ཁང་སོགས་ཕྱོགས་མང་པོའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། རིགས་པས་ཁུངས་སྐྱེལ་དང་ལེགས་སྒྱུར་ཡང་ཡང་བྱས་ནས་ཚད་གཞིའི་ནང་དོན་ལ་ཚན་རིག་རང་བཞིན་དང་། དངོས་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་འགན་ལེན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དངོས་གནས་བསྐང་ཡོད་པ་རེད།
མཐོ་སྒང་གི་སྔོ་ཚལ་བསིལ་གྲང་རིགས་ནི་རྟ་ཐང་རྫོང་གི་གཞི་རྟེན་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་ཤིག་ཡིན་པས། ས་གནས་ཀྱི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་པ། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ཚོགས་པའི་ཚད་གཞི་ཐོག་མ་ཁྱབ་སྒྲོག་བྱས་པ་དེ་ནི། རྟ་ཐང་རྫོང་གིས་མཐོ་སྒང་གི་སྔོ་ཚལ་འདེབས་འཛུགས་ཁྱབ་ཁོངས་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན་པ་དང་ས་གནས་དེ་གའི་སྔོ་ཚལ་འདེབས་འཛུགས་དེ་ལྗང་མདོག་ཚད་ལྡན་ཅན་དུ་འགྱུར་བའི་ཕྱོགས་སུ་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན་ཡོད།
《མཐོ་སྒང་གི་སྔོ་ཚལ་བསིལ་གྲང་རིགས་ལྷད་མེད་ཚད་ལྡན་ཅན་འདེབས་འཛུགས་བྱེད་པའི་སྤྱིའི་བླང་བྱ》དེ་མཐོ་སྒང་གི་སྔོ་ཚལ་གྲང་བསིལ་རིགས་ཀྱི་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་ཁྱབ་པ་དང་། ས་རིགས་གདམ་གསེས་དང་། འདེབས་འཛུགས་ལག་རྩལ། ནད་འབུས་སྔོ་ཚལ་གནོད་པར་སྔོན་འགོག་བྱེད་པ། བསྡུ་ལེན་ལས་སྣོན། གྲང་བསིལ་སྔོ་ཚལ་ཐུམ་སྒྲིལ་གྲང་སྣོན། སྐྱེལ་འདྲེན་འཁོར་རྒྱུག་སོགས་འགག་རྩའི་ལས་རིམ་ཁག་ཚུད་ཡོད་པས། རྟ་ཐང་ས་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་ལག་ཆ་ཚང་ཞིག་ཆགས་ཡོད་པ་རེད། ཚད་གཞི་དེ་ལག་བསྟར་བྱས་པ་བརྒྱུད། རྟ་ཐང་རྫོང་མཐོ་སྒང་གི་གྲང་བསིལ་སྔོ་ཚལ་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།