མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། འཕྲེད་གཞུང་སྣོལ་བའི་དངུལ་མདོག་གི་སྦུག་གུ་ནི་འབྲུག་ཆུང་མཚོ་ལ་ཉལ་བ་བཞིན་དབུས་ཀྱི་ཚྭ་མཚོའི་ངོས་སུ་མངོན་ལ། རིག་ནུས་ཅན་གྱི་ཚྭ་འདོན་གྲུ་གཟིངས30ཡིས་ཡངས་པའི་ཚྭ་ཞིང་དུ་ཐོན་ལས་བསྐྱར་དར་གྱི་འཁོར་ཤུལ་བཀོད། མཐའ་མེད་པའི་མྱ་ངམ་ཐང་དུ། འོད་ཧྥུ་པང་ལེབ་བརྒྱ་སྟོང་ཁྲི་འབུམ་གྱིས་ཉི་འོད་ཕྱོགས་སུ་བསྡུས་ཏེ་ལྗང་མདོག་འོད་ནུས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོར་གནས་བཅོས་པའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་མཚན་མོ་གསལ་བོར་བྱས། གངས་ལྗོངས་མཐོ་སྒང་གི་བར་བར་དུ་བསིལ་གྲང་སྔོ་ཚལ་དང་འཁྱགས་ཆུ་ཉ་རིགས་སོགས“མཚོ་སྔོན་རྟགས་ཅན”གྱི་གསེར་བྱང་རི་ཆུ་བརྒལ་ནས་མཐོ་སྒང་གི“སོས་པ”རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱི་ཟས་ཅོག་སྟེང་བཤམས་ནས་རོ་བརྒྱའི་དཔལ་ལ་རོལ།

“རླུང་དང་འོད”ནས“གློག་དང་རྩིས”བར་གྱི་ནུས་ཁུངས་གཙང་མའི་མཚོ་སྔོན་གྱི་ཐབས་ལམ།
མཚོ་སྔོན་གྱི་ནུས་ཁུངས་གསར་བརྗེ་ནི་ནུས་རྒྱུ་མ་བཅོས་ལྷུན་གྱིས་གྲུབ་པ་དེ། མཐར་བཟོ་བའི་ལག་རྩལ་ལ་བརྟེན་ནས་མཐོ་སྒང་གི་ས་ཆེན་པོ་འདིར“རླུང་དང་འོད”ཀྱི་དགེ་མཚན་ཆེན་པོ་འདི་ལྟ་བུ་མངའ་བར་གྱུར་ན་ཡང་། གཏམ་རྒྱུད་ངོ་མ་དེ་ཐོན་ཁུངས་ག་འདྲ་ཞིག་ཡོད་པ་དེ་མ་ཡིན་པར་ཐོན་ཁུངས་དེ་ཇི་ལྟར་བཀོལ་སྤྱོད་བྱེད་ཐུབ་པའི་ཐབས་ཤེས་འཚོལ་ཞིབ་ཀྱི་གོ་རིམ་དེ་རེད།
མཚོ་སྔོན་གྱི་ནུས་ཁུངས་འཕེལ་རྒྱས་ཀྱི་ཐབས་ལམ་ནི་རྣམ་པར་གསལ་ཞིང་བློ་བརྟན་འགྱུར་མེད་ཡིན་ཏེ། “རླུང་དང་འོད”དེ་རླབས་བཞིན་འཕྱོ་བའི་ལྗང་མདོག་གི་གློག་ཤུགས་སུ་བསྒྱུར་བ་མ་ཟད། ནུས་ཁུངས་དེ་དག་ལས་རིན་ཐང་མཐོ་ཤོས་འབྱུང་བ་དང་། གཞི་གྲངས་གཅིག་དང་རྩིས་ཤུགས་གཅིག་ལྟེ་བ་ཡིན་པའི་འབྱུང་འགྱུར་གྱི་ཐོན་ལས་སྒུལ་རྒྱུ་དེ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་ནི་ད་སྔ་འཛམ་གླིང་སྟེང་ཤོང་ཚད་ཆེས་ཆེ་བའི་འོད་ཧྥུ་གློག་འདོན་གླིང་ཁུལ་ཡིན། གནས་འདིར་སྔོན་ཆད་ཐང་སྟོང་ཞིག་ཡིན་ན་ཡང་། ད་ལྟ་འོད་ཧྥུ་པང་ལེབ་ཁྲི700བརྒལ་ནས་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་བར་ཉི་འོད་ལམ་ལམ་འཕྲོ། དེ་ནི་གཞི་ཁྱོན་ཆེ་བ་མ་ཟད། དེ་ལས་ཀྱང“པང་ངོས་སུ་གློག་འདོན་པ་དང་། པང་འོག་ཏུ་སླར་གསོ། པང་བར་དུ་གསོ་སྤེལ”བཅས་ལངས་གཟུགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་ཡིན་པ་སྟེ། དེའི་ས་ངོས་ཀྱི་ཆུ་མཁའ་རླངས་སུ་གྱུར་ནས་རྩི་ཤིང་སླར་གསོ་ལ་སྐུལ་འདེད་གཏང་བ་དང་། ལུག་ཁྱུས་པང་ལེབ་འོག་ཏུ་བག་ཡངས་སུ་རྒྱུ་ཞིང་རྩྭ་ཟ་བས། ནུས་ཁུངས་ཐོན་སྐྱེད་དང་སྐྱེ་ཁམས་བཅོས་སྐྱོང་མཉམ་སྤྱོད་མཉམ་རྒྱལ་མངོན་འགྱུར་བྱས།
དེ་ནི་མཚོ་སྔོན་གྱིས“འོད་བཏུལ”བའི་རིས་ཁྲའི་ཟུར་ཙམ་ཡིན་ཏེ། 2025ལོའི་ཟླ10ཚེས31ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་ལན་ཧུའུ་གྲོང་རྡལ་དུ། འགག་གསུམ་མཚོ་སྔོན་མཚོ་ནུབ་ཁུལ་གྱི་སྟོང་ཝ་ཁྲི50ཅན་གྱི་རླུང་ནུས་ལས་གཞི་བདེ་བླག་ཏུ་དྲ་བ་སྦྲེལ་ནས་གློག་འདོན་མགོ་བརྩམས། རླུང་གི་འཕྲུལ་འཁོར་ཆེན་པོ་དེ་ཡང་རྒྱང་རིང་གི་བྲག་དམར་རང་བྱོན་གཉིས་དངོས་ཡོད་ལས་བརྒལ་བའི་ལྗོངས་རིས་ཤིག་གྲུབ།
2025ལོར། མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཙང་མའི་མགོ་ཁུངས་ཀྱི་སྒྲིག་ཆས་ཤོང་ཚད་སྔོན་དཔག་ལས་སྟོང་ཝ8450ལ་བསླེབ་པ་དང་། དེའི་ནང་ནུས་ཁུངས་གསར་པའི་མགོ་ཁོངས་ཀྱི་སྒྲིག་ཆས་སྟོང་ཝ་ཁྲི6229ལས་བརྒལ་ནས་ནུས་ཁུངས་གཙང་མའི་མགོ་ཁུངས་སྒྲིག་ཆས་ཀྱི73%ཟིན་པ་དང་། ནུས་ཁུངས་གཙང་མའི་མགོ་ཁུངས་ཀྱི་གློག་འདོན་ཚད་ཀྱི་སྡུར་ཚད50%ཟིན་ནས“བྱེད་པོ་ཟུང”གི་གོ་གནས་དེ་ལས་སྲ་བརྟན་དུ་བཏང་བ་དང་། དེས་ལྗང་མདོག་གློག་ཤུགས་ཀྱིས་གློག་ཁུངས་ཁ་གསབ་དེ་གཙོ་འདོན་གློག་ཁུངས་སུ་བསྒྱུར་བ་མཚོན།
དེ་བཞིན་དུ། བར་འདུག་རང་བཞིན་གྱི“རླུང་འོད”ཐོན་ཁུངས་ཡང་གཏན་འཇགས་ཡིན་པའི“ལྗང་གློག”ཏུ་བསྒྱུར། དེ་ནི་ལག་རྩལ་དང་མ་ལག་གི་ཚད་མཐའི་ཚོད་བགམ་ཞིག་ཡིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས“དྲ་ཁུངས་ཀྱི་ཐེག་ཉར”གཞི་གཅིག་ཅན་གྱི་གཙོ་ཐིག་ལ་དམིགས་ཏེ། “ཆུ་ནུས་དང་གསར་གཏོད་མཉམ་འགུལ”“གློག་ཁུངས་དང་ཐེག་རྩོལ་ཕན་ཚུན་ནུས་འདོན”། ནུས་གསོག་གང་འཚམ་གསོག་གཏོང་ལ་སོགས་སྙོམ་སྒྲིག་བྱེད་སྟངས་གསར་གཏོད་བཀོལ་སྤྱོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རང་ཞིང་ཆེན་གྱི་ཐོན་ཁུངས་སྐོང་སྤྱོད་སྙོམས་སྒྲིག་བྱས་ནས་ནུས་ཁུངས་གཙང་མ་བེད་སྤྱོད་ཕན་འབྲས་དང་ལྡན་པ་མངོན་འགྱུར་བྱས།
“ལྗང་གློག”གཏན་འཇགས་ཡིན་ལ་འདང་ངེ་ཡོད་པ། མ་རྩའི་དགེ་མཚན་ཡང་མངོན་གསལ་ཡིན་པའི་སྐབས་སུ། འགྲན་རྩོད་ཆེ་བའི་ཐོན་ལས་ཀྱང་“གློག”ནས“རྩིས”བར་རང་བཞིན་གྱིས་འཕར་ངེས། མཚོ་སྔོན་གྱིས་གྲངས་ཀའི་དཔལ་འབྱོར་དང་ལྗང་གློག་ནུས་ཁུངས་མཉམ་བསྲེས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། འཁྱགས་ཤིང་བསིལ་ལ་སྐམ་ཤས་ཆེ་བའི་རང་བྱུང་རང་བྱུང་གི་མཁའ་དབུགས་དང་གནོན་པའི་རང་བཞིན་གྱི་ལྗང་གློག་བསྡུར་ཚད་ལ་གཞི་བཅོལ་ནས་རྒྱལ་ཡོངས་ཀྱི་རྩིས་གློག་མཉམ་འབྲེལ་གྱི་ཐོན་ལས་མཐོ་ས་ནུས་རྒུས་བསྐྲུན།
མཚོ་སྔོན་གྱི་འཕེལ་རྒྱས་རྩིས་ཤུགས་ཐོན་ལས་ཀྱི་དགེ་མཚན་ཡང་བརྗོད་མི་དགོས་པ་སྟེ། དུས་ནམ་ཡང་སྐམ་ཚད་ཏུའུ2.38ཡིན་པ་དང་། ལོའི་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ4ལས་དམན། གཞི་གྲངས་ལྟེ་གནས་སུ་ལོ་ཡོངས་ཀྱི་ཉིན314རིང་ལ་རང་བྱུང་འཁྱགས་བཟོ་བྱས་པ་དང་། འཁྱགས་བཟོའི་གློག་སྤྱོད་རྒྱལ་ཡོངས་ཀྱི་ཆུ་ཚད་དང་བསྡུར་ན40%ཡས་མས་ཉུང་། དེ་ལས་ཀྱང་སྙིང་བོར་གྱུར་བ་ཞིག་ནི། མཚོ་སྔོན“ལྗང་གློག”སྤྱད་དེ་རྩིས་བརྒྱབ་ན། ཐཱན་འབུད་བསྐྱར་ཧ་ལམ་ཐིག་ཡིན་པ་དང་། མིས་བཟོས་རིག་ནུས་སྦྱོར་བརྡར་དང་དུམ་བུ་ཁུལ་སྦྲེལ་མཐུད་ལ་སོགས་ནུས་མཐོའི་རྩིས་རྒྱག་གིས“ཐཱན་མེད་རྩིས་ཤུགས”དངོས་མཁོ་འདོན་བྱེད་ཀྱི་ཡོད་པ་དེ་རེད། དེ་ལྟ་བུའི་ཁོར་སྲུང་དང་མ་རྩ་གཉིས་ཀྱི་དགེ་མཚན་ཆེན་པོས་གྲངས་ཀའི་འཇིག་རྟེན་གྱི་ཚོང་བ་ཆེན་པོ་གནས་འདིར་གཅིག་ཏུ་བཀུགས།
2025ལོར། མཚོ་སྔོན་ལྗང་གློག་རྩིས་ཤུགས་ཐོན་ལས་གཅིག་རྗེས་གཉིས་འཕྲོར་འཕེལ་རྒྱས་བྱུང་། ཀྲུང་གོ་ལིན་ཐུང་དང་ཨ་ལི་སྤྲིན་གཉིས་ཀྱིས་མཉམ་འབྲེལ་ཐོག“ཐེག་ཚད་ཁྲི་ཅན་གྱི་བྱང་བུ”རིམ་པའི་རིག་གནས་རྩིས་ལྟེ་གནས་ཤིག་མཚོ་སྔོན་དུ་བཙུགས་ནས་འཁོར་སྐྱོད་བྱས་ལ། དེ་ནི་རྒྱལ་ནང་གི་སྤྲིན་རྩིས་སྙོམ་སྒྲིག་གཞི་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་ནུས་རྩིས་ཤུགས་ཚོགས་ཐོག་མ་ཡིན། དེ་དང་འབྲེལ་ནས་པའེ་ཏུའུ་རྟགས་འགོད་ལྟེ་གནས་དང་། ཅིན་ཧྲན་རིག་རྩིས་ལྟེ་གནས། ཞིན་ཧྭ་རིས་གསུམ་གྲོང་རྡལ་ལ་སོགས་མང་པོ་ཞིག་སྔ་རྗེས་སུ་གཞི་ཚུགས་ཏེ། “མཚོ་སྔོན་ལྗང་གློོག”གཙོ་བྱས་པའི་གི་རྩིས་ཤུགས་ཐོན་ལས་ཚོགས་ཤིག་ཐོག་མར་ཆགས། དེ་དང་ཆབས་ཅིག འཛམ་གླིང་གི་གློག་དྲ་ཕྲ་མོའི་རྩིས་ཤུགས་ལྟེ་གནས་དཔེ་སྟོན་ལས་གཞི་ཆེ་ཤོས་དེ་ན་གོར་མ་ནས་ལས་མགོ་བརྩམས་ཏེ།“ལྗང་རྩིས”དང“ལྗང་གློག”མཉམ་སྤེལ་གྱི་ཐབས་ལམ་གསར་པ་ཞིག་བཀོལ་ནས་འཛམ་གླིང་གི་རིག་རྩིས་ནུས་ཁུངས་ཀྱི་དཀའ་གནད་སེལ་ཐབས་ལ་“མཚོ་སྔོན་གྱི་ལན་བསྐྱོན”།
རླུང་དང་འོད་བསྡུ་བ་ནས་གློག་དང་ནུས་བསྐྱལ་བ། དེ་ནས་གྲངས་དང་རྩིས་ལ་ཁ་ལོ་བསྒྱུར་བའི་བར་དུ། མཚོ་སྔོན་གྱིས་ཐོན་ལས་ཀྱི་རིག་ལམ་རིམ་སྤར་ཐེངས་མང་ཞིག་ལམ་ལྷུང་བྱུང་བས། གནས་འདི་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མ་ཕྱིར་གཏོང་བྱེད་ས་གལ་ཆེན་ཙམ་མིན་པར། གྲངས་ཀའི་དུས་རབས་སྒུལ་བྱེད་ཀྱི“ཐཱན་མེད་འཕྲུལ་འཁོར”དུ་གྱུར། ལམ་དེས་ཕན་ནུས་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་དང་སྔོན་ཐོན་གྱི་ཐོན་ལས་གོང་སྤེལ་དེ་མཐོ་སྒང་དུ་ཡོངས་སུ་གཅིག་གྱུར་བྱུང་བ་ར་སྤྲོད་བྱས།
“ཐོན་ཁུངས”དེ“རྒྱུ་ཆ”རུ་བསྒྱུར་བ་སྟེ། ཚྭ་ཁའི་ཐོན་ལས་ཀྱི་བཅོས་སྒྱུར་ཟབ་མོ།
སྔོན་ཆད། ཚྭ་ཁའི་ཐོན་ཁུངས་དེ་དུས་ཡུན་རིང་བོར“རིམ་པ་ཐོག་མའི་ཐོན་ཁུངས”སུ་ལྟ་ཞིང་། དེའི་རིན་ཐང་གཙོ་བོ་ལུའུ་འགྱུར་ཅཱ་འདོན་པའི་རིམ་པར་ལུས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི”པའི་ཚུན་ལ། བཅོས་སྒྱུར་ཟབ་མོ་ཞིག་དབུས་ཚྭ་མཚོ་དཀར་མོ་ནས་ངང་གིས་བྱུང་བ་སྟེ། ཚྭ་མཚོའི་རིན་ཐང་དེ་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སྔོག་འདོན་དང་ཕྱིར་འཚོང་དང་འདྲ་བའི་རིམ་པ་ཐོག་མའི་ཐོན་རྫས་ཙམ་མ་ཡིན་པར། ཚན་རྩལ་གསར་གཏོད་དང་མ་ལག་ཇུས་འགོད་བརྒྱུད་དེ་དེང་རབས་ཀྱི་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། བཟོ་སྐྲུན་རྩེ་གྲ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་རྒྱུ་ཆར་བསྒྱུར།
ལག་རྩལ་གྱི་འགག་སྒོ་གཏོར་བ་ནི་ཚྭ་མཚོའི་ཐོན་ལས་རིམ་སྤར་གྱི་གནད་འགག་ཡིན། ལུའུ་འགྱུར་ཅཱ་ནི་དབུས་ཚྭ་མཚོ་དཀར་མོའི་ཐོན་རྫས་གཙོ་བོ་ཡིན། ཡིན་ན་ཡང་ལུའུ་འགྱུར་ཅཱ་ཡི“གཡང་ལྡོག་འདེམས“(反浮选)ནས་འཁྱགས་ཞུན་ཆགས”ཀྱི་བཟོ་རྩལ“ལྟེ་བྲེལ་འཕྲུལ་འཁོར་ཚཱ་འདོར+བདར་ཆགས་ཆས་གྲང་དབྱེ་འབྱེད”ཟུང་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་ལྟེ་བའི་སྒྲིག་ཆས་ཀྱི་ལྟེ་བྲེལ་འཕྲུལ་འཁོར་གྱི་གཏེར་འདོན་གྲངས་འབོར་གསལ་ཐག་ཆོད་པ་ཞིག་རྩིས་ལེན་བྱེད་དཀའ། ཉེ་ལམ་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་དཀའ་གནད་དེར་དམིགས་ཏེ། ལྟེ་བྲལ་འཕྲུལ་འཁོར་གྱི་ནུས་ཕྱོད་དབྱེ་ཞིབ་དང་AIཡི་སྔོན་འགྲོའི་ཚད་ལེན་གྱི་དཔེ་དབྱིབས་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་སྐྱེད་ཚོད་འཛིན་དེ“མཉམ་མྱོང་སྒུལ་ནུས”ནས“AIཡི་སྔོན་དཔག་ཚད་འཇལ”ལ་སྐུལ་འདེད་བཏང་།
དེ་མ་ཟད་དབུས་ཚྭ་མཚོ་ལ་རྒྱ་ཁྱོན་སྟོང་སྨི་གྲུ་བཞི5856ཡོད་ཅིང་། དེ་ནི་ནུབ་མཚོ(西湖)900ལྷག་གི་རྒྱ་ཁྱོན་ཡོད། དེ་འདྲའི་ཚྭ་མཚོ་ཆེན་པར་ལྟ་ཞིབ་ཚད་ལེན་དང་། དོ་དམ། ཐོན་སྐྱེད། སྙོམ་སྒྲིག་ལ་རིམ་སྤར་གོ་ཆོད་པ་དེ་རིག་ནུས་ཚྭ་མཚོ་ཡི“དྲ་བ་གཅིག”གི་ནང་དུ་བྱེད་ཐུབ་པ་བྱས་ཡོད།
མཚོ་སྔོན་ཚྭ་མཚོ་མ་རྐང་ཆ་འཕྲིན་ཅན་འགྱུར་ལྟེ་གནས་ཀྱི་འགན་འཁུར་བ་ཞའེ་ཙུང་ཧའེ་ཡིས་འདི་སྐད། “ཁེ་ལས་ཀྱིས་གཞི་གྲངས‘རྒྱུ་རྐྱེན’དང་། AI‘ལག་ཆ’བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་ཧུར་ཐག་བྱས་པ་དང་། ཚྭ་མཚོའི་ཐོན་ལས་དེ‘རིག་ནུས’ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་། ‘AI+’ཆེད་དོན་འགུལ་སྐྱོད་ལ་གཞི་བཅོལ་ཏེ། རིག་ནུས་ལག་རྩལ་དེ་ཐུན་ཁུངས་གསར་སྤེལ་དང་། ཐོན་སྐྱེད་དོ་དམ་དང་ཚོད་འཛིན། གཉེར་སྐྱོང་དོ་དམ་ལ་སོགས་གོ་རིམ་སོ་སོར་བཅུག་ནས་གོ་རིམ་ལེགས་བསྒྱུར་དང་། ཕན་འབྲས་མཐོར་འདེགས། འགན་སྲུང་བདེ་འཇགས་མུ་མཐུད་དུ་རྒྱུན་བསྐྱངས།
མཚོ་སྔོན་ཚྭ་མཚོ་མ་རྐང་ནི་མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཚོགས་ཀྱི་བསྡུས་གཟུགས་ཤིག་ཡིན། འབྲེལ་ཡོད་སྡེ་ཚན་གྱི་ཁུངས་བཙུན་དབྱེ་ཞིབ་ལྟར་ན། 2025ལོར་མཚོ་སྔོན་ཚྭ་མཚོ་ཁོངས་ཀྱི་ཚན་རིག་ལག་རྩལ་ཐད་རྒྱུ་ཤུགས་གཉིས་ཀ་འདོན་ཚད་ཧ་ཅང་འཕེལ་བའི་ཚུལ་ཤིག་མངོན་ཞིང་། ནང་སྒོས་སུ་མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་ཤོས་ཀྱི“མི་ཆེན་ཆུང་ངུ”ཡི་ཁེ་ལས་སྐོར་ཞིག་ཐོན་ལས་རིམ་སྤར་གྱི་གདོང་མཆོང་དུ་འགྱུར་བཞིན་ཡོད།
གནས་ཐང་འཕར་ཁྲལ་གྱི་འཛིན་བྱང་དང་ཐོན་ལས་འཕེལ་རྒྱས་ཀྱི་གཞི་གྲངས་ལས་མངོན་པ་ནི། 2025ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོ་ཐོན་ལས་ཀྱིས་ཚན་རིག་ལག་རྩལ་ཞིབ་འཇུག་དང་ལག་རྩལ་ཞབས་ཞུ་ཉོ་སྒྲུབ་ལས་བླངས་པའི་འཛིན་བྱང་དངུལ་འབོར་དུས་མཉམ་ལས77.2%འཕར།
མཚོ་སྔོན་ཞིང་ཆེན་ཚྭ་མཚོ་ཐོན་ལས་ཀྱི་ཆེད་མཁས་པས་འདི་སྐད། 2025ལོར་ཚྭ་མཚོ་ཐོན་ལས་ཀྱི་ཚན་ཞིབ་རིམ་པ་དང་། ཐོན་སྐྱེད་ཕན་ནུས་རྒྱུན་མཐུད་མཐོར་འདེགས། ནང་མཁོ་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་ཇེ་དྲག་བཅས་སུ་བཏང་སྟེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ཚྭ་མཚོའི་དཔལ་འབྱོར་གྱི་འདེགས་སྐྱོར་སྲ་བརྟན་དུ་བཏང་།
དབུས་ཚྭ་མཚོ་ནས་ཚྭ་ཁ་དང་། ཏུང་ཐའེ་ནས་ནུབ་ཐའེ་བར་དུ། མཚོ་སྔོན་ཚྭ་མཚོ་ཐོན་ལས་ཀྱིས་འཕོ་འགྱུར་ཐེངས་ཤིག་བྱེད་སྒང་ན་ཡོད་པས། གནས་དེ་ས་ཁམས་དོན་སྙིང་གི“ནོར་གཞོང”ཁོ་ན་ཙམ་མ་ཡིན་པར། གནད་འགག་གི་ འཐབ་ཇུས་ཀྱི་རྒྱུ་ཆ་ཕྱིར་གཏོང་བྱེད་སའི“རྒྱལ་ཁབ་རིམ་པའི་རྫས་འགྱུར་རིག་པའི་ཉམས་ཞིབ་ཁང་”ཞིག་ཏུ་གྱུར་ཡོད། “ཐོན་ཁུངས”ནས“རྒྱུ་ཆ”རུ་འགྱུར་བ་བཅས་ཡི་གེ་འགའི་ཁྱད་པར་ཙམ་གྱིས་ཀྱང་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་དེ་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་འོག དེང་རབས་བཟོ་ལས་མལག་གི་ལྟེ་བའི་རྩ་རྒྱུད་དུ་འདྲེས་ནས་རྒྱལ་ཁབ་ཀྱི་གནད་འགག་ཐོན་ཁུངས་ཀྱི་འཐབ་ཇུས་རང་འགུལ་བརྩོན་ལེན་བྱས།
“དག་ཞིང”ལས“ཐོན་རྫས་སྤུས་ལེགས”བྱུང་བ་སྟེ། སྐྱེ་ཁམས་ཞིང་འབྲོག་པའི་རིན་ཐང་འཕེལ་རྒྱས་བྱུང་།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ཐའེ་ཙི་ཡུལ་ཚོ་ཞ་ཐའེ་སྡེ་བའི་ཞིང་སར་ལའོ་མ་སྔོ་ཚལ་དང་། ཀན་ལན་ཚལ་སོགས་སྐྱེ་མཚར་ཧ་ཅང་ལེགས་ཤིང་། ཞིང་པ་རྣམས་ཀྱིས་སྔོ་ཚལ་འཐོག་བར་བྲེལ། “མཐོ་སྒང་གི་སྔོ་ཚལ་བསིལ་གྲང”ཞེས་ཚོང་རྟགས་བཀོད་པའི་སྔོ་ཚལ་དེ་དག་འཁྱགས་སྦྲེལ་རླངས་འཁོར་ནང་བཞག་ནས་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་སོགས་སུ་སྐྱེལ་བཞིན་ཡོད།
ཁྱོད་ཀྱིས་བལྟས་ན་པེ་ཅིང་དང་ཧྲང་ཧའེ། ཀོང་ཏུང་ནི་མཐའ་མའི་ས་ཚིགས་རེད་བསམ་མོད། དེ་ནི་ཁྱོན་ནས་མ་ཡིན་ཏེ། རང་ས་སྟེ་མཚོ་འཕགས་སྨི2600རུ་ཐོན་སྐྱེད་བྱས་པའི་མཐོ་སྒང་གི་སྔོ་ཚལ་བསིལ་གྲང་དེ་རིགས་ཆུ་ཚོད72ནང་ཞང་ཀང་གི་ཁྲོམ་ར་དང་གསོལ་ཅོག་སྟེང་དུ་བཤམས་ཐུབ་པར་གྱུར་ཡོད། ཡུལ་འདིའི་ཞིང་པ་ཕྱུག་པོའི་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གིས་ཀོང་ཏུང་དང་ཞང་ཀང་། ཨའོ་མན་སོགས་སུ་འདོན་པའི་སྤྱི་ཆིང66.67ཅན་གྱི་རྟེན་གཞི་བཙུགས་ཡོད་ཅིང་། དེས་ཉེ་འཁོར་གྱི་ཞིང་ཁྱིམ1500སྐུལ་ཁྲིད་བྱས་ནས་འདེབས་འཛུགས་ཁྲོད་ཞུགས།
མཚོ་སྔོན་གྱི“ས་མཐོའི་སྔོ་ཚལ་བསིལ་གྲང”རིགས་དེ“གོང་དུ་འཕུར་”ཞིང་། དེས་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་དེ་་ཁྲོམ་ར་རྩེ་གྲར་སྐྱོད་པ་མཚོན། མཚོ་བོད་མཐོ་སྒང་གི་བར་བརྒལ་ས་ཁུལ་གྱི་མཁའ་དབུགས་སིལ་གྲང་དང་། དག་གཙང་གི་ས་ཆུའི་དགེ་མཚན་ལ་བརྟེན་ནས་མཚོ་ཤར་གྲོང་ཁྱེར་གྱིས་ས་མུའུ་ཁྲི་ཅན་གྱི་རྟེན་གཞི1དང་། ས་མུའུ་སྟོང་ཅན་གྱི་རྟེན་གཞི4། ས་མུའུ་བརྒྱ་ཅན་གྱི་རྟེན་གཞི57བཙུགས་ཡོད་པས། འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་ས་མུའུ་ཁྲི32ལ་བསླེབས།
དེ་མ་གཏོགས་ད་དུང་མཚོ་སྔོན་དུ་རྣམ་པར་བཀྲ་བའི་མེ་ཏོག་ཡོད།
མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཙུང་པའི་ཡུལ་ཚོའི་རི་འདབས་སུ། རྩྭ་པདྨ་ཕན་ཚུན་ལ་འགྲན་བཞིན་བཞད་ཅིང་། གནས་དེའི་རྩྭ་པདྨ་ནི་ལེ་དབར་ཉིས་སྟོང་གི་ས་སྟེ་ཧྲན་ཏུང་ཧི་ཙེ་ནས་ནང་འདྲེན་བྱས་པ་ཡིན་ཞིང་། དང་ཐོག་ནང་ལོགས་ཀྱི་མེ་ཏོག་མཐོ་སྒང་གི་མཁའ་དབུགས་གྲང་མོའི་ཁྲོད་གསོན་དཀའ་བར་བསམ་མོད། བསམ་ཡིད་ལས་འདས་པ་ཞིག་ལ་ཧྲན་པའོ་ལི་ཡི་ལག་རྩལ་གསར་གཏོད་འོག གཞན་ཡུལ་ནས་ཡོང་བའི་རྩྭ་པདྨ་དེ་ས་བབ་སྨི2100ནས་རྣམ་པར་བཞད་ཐུབ་པ་བྱུང་།
ཧྲེན་པའོ་ལི་ཡིས་འདི་སྐད། “མཚོ་སྔོན་གྱི་རྩྭ་པདྨ་དང་ཧྲན་ཏུང་གི་རྩྭ་པདྨ་གཉིས་དང་བསྡུར་ན་དེ་གཉིས་ཀྱི་མེ་ཏོག་བཞད་པའི་དུས་ཚོད་ལ་སྔ་རྗེས་ཡོད་པས། དེ་ཙམ་གྱིས་ཁྲོམ་རའི་གོ་སྐབས་ལེགས་པོ་བཟུང་ཡོད་པ་གཞི་བྱས་དྲ་ཚོང་ལ་བརྟེན་ནས་ང་ཚོས་མཚོ་སྔོན་གྱི་རྩྭ་པདྨ་རྒྱལ་ཡོངས་སུ་བཞད་དུ་བཅུག་ཡོད”ཟེར།
མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ2025ལོར་ཐོད་བརྒལ་རང་བཞིན་གྱིས་འཕེལ་རྒྱས་བྱུང་། 2021ལོར་མཚོ་སྔོན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་ནས་བཟུང་། མཚོ་སྔོན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ30ལྷག་ལ་བྲིན་འཚོང་ཐུབ་ཡོད་པ་དང་། “མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་བསྐྱེད།
དེའི་ནང་དུ། ཙུན་ཞ་འཁྱགས་པོ་སྒོར་དུང་ཕྱུར78ཀྱི་རིམ་པ་ཕྱིར་གཏོང་བྱས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་རིགས་གཅིག་ཐོན་རྫས་ཕྱིར་གཏོང་སྤྱིའི་གྲངས་འབོར་གྱི91.2%ཟིན། འཁྱགས་གཤིས་ཆུ་གནས་ཉ་དང་། སྔོ་ཚལ་བསིལ་གྲང་རིགས། ཀྲུང་བོད་སྨན་རྩྭ། འཕང་འབྲས་ལ་སོགས“མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་བཟའ་བཏུང་གི་ཐོན་རྫས་རིགས་སྣ130ལྷག་རྒྱལ་ཕྱིའི་ཁྲོམ་རར་བསྐྱོད་ཐུབ་ཡོད།
དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི2025ལོའི་ཟླ9བའི་སྔོན་ལ་མཚོ་སྔོན་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྔ་གཞུག་ཏུ་སྒོར་དུང་ཕྱུར5.9རིམ་པ་ཕྱིར་གཏོང་བྱས་པ་དང་། དེ་ནི་དུས་མཉམ་ལས52.8%འཕར་བ་དང་། ཕྱིར་གཏོང་གི་མྱུར་ཚད་རྒྱལ་ཡོངས་ཀྱི་དང་པོར་ཟིན།
མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཚལ་རྔ་འགག་ཆུ་མཛོད་ནི་གཡུ་ཡི་མེ་ལོང་དང་འདྲ་ཞིང་། དེ་གའི་འཁྱགས་གཤིས་ཆུ་གནས་ཉ་ཐོན་སྐྱེད་ཀྱི་རྟེན་གཞིའི་ལོ་གཅིག་གི་ས་ཝན་ཉ་ཐོན་ཚད་ཏུན1.5ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར40ལ་འཚོང་བཞིན་ཡོད་པ་མ་ཟད། ཨུ་རུ་སུ་དང་སང་ཀ་ཕོར། ལྗར་པན་ལ་སོགས་རྒྱལ་ཁབ་ཏུ་འདྲེན་བཞིན་ཡོད་ལ། ལོ་གཅིག་གི་ཕྱིར་གཏོང་བྲིན་འཚོང་གིས་རྒྱལ་ཡོངས་ཀྱི་ས་ཝན་ཉ་ཕྱིར་གཏོང་སྤྱིའི་གྲངས་འབོར་གྱི97%ཟིན་པ་དང་། མཚོ་སྔོན་ཞིང་ལས་ཐོན་རྫས་ཕྱིར་བསྐྱོད་པའི་མིང་བྱང་འོད་འཚེར་བ་ཞིག་ཏུ་གྱུར་ཡོད།
ཚྭ་མཚོ་ནས་རྩྭ་དང་། འོད་ཧྥུ་པང་ལེབ་ནས་གཞི་གྲངས་ལྟེ་གནས་བར། མཚོ་སྔོན་ས་མཐོ་འདི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་སྣེ་ཁྲིད་འོག ཐོན་ཁུངས་ཅན་གྱི་ཞིང་ཆེན་དེ་ལྷད་མེད་ཀྱི་ཕྱོགས་སུ་བསྒྱུར་བའི་ལམ་དུ་བསྐྱོད་ཡོད། མཚོ་སྔོན་གྱིས་ནུས་ཁུངས་གཙང་མ་བརྟེན་ནས་རྒྱལ་ཡོངས་ཀྱི་སྣེ་ཁྲིད་དེ་མདུན་དུ་རྒྱུག་ཅིང་། ཚྭ་ཁའི་ཐོན་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར། ལྷད་མེད་ཞིང་ཕྱུགས་ཐོན་རྫས་ལ་བརྟེན་ནས་འཛམ་གླིང་གི་ཁྲོམ་ར་ལ་རྒྱལ་བ་བཅས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ“མཚོ་སྔོན་གྱི་བློ་གྲོས”དང“མཚོ་སྔོན་གྱི་སྟོབས་ཤུགས”ཕུལ་ཡོད་དོ། །