བརྒྱུད་རིམ་ལྡན་པའི་སྒོ་ནས་བརླན་ས་སྲུང་སྐྱོབ་དང་ཉམས་གསོ་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ2པའི་ཚེས2ཉིན་ནི“འཛམ་གླིང་གི་རླན་སའི་ཉིན་མོ”ཨང30པ་དེ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརླན་སའི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་བརྟན་སྲུང་བྱས་ནས་རྗེས་རབས་པ་རྣམས་ལ་མཛེས་སྡུག་ལྡན་པའི་རླན་ས་འཇོག་དགོས་ཞེས་བསྟན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ཡོད། བརླན་ས་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གཙོ་གནད་བཅོས་སྐྱོང་དང་ཕྱོགས་ཡོངས་སྲུང་སྐྱོབ་ཟུང་འབྲེལ་གྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད།

དགུན་དུས་སུ་ལྷོ་ནས་བྱང་བར་ཀྲུང་གོའི་བརླན་སར་ལྷོ་བྱང་མི་འདྲ་བ་དང་དུས་ཚིགས་མི་འདྲ་བའི་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་ཡོད། ཧའེ་ནན་ཏུང་གྲེ་གྲུ་ཁའི་དྲོ་སྐྱིད་ལྡན་པའི་ནགས་ཚལ་དམར་པོའི་བརླན་ས་རུ་ནགས་ཚལ་དམར་པོ་མུའུ་ཁྲི་ཡན་འདེབས་འཛུགས་དང་ཉམས་གསོ་བྱས་པས་དུས་བྱ་མང་པོ་དགུན་བསྐྱལ་དུ་ཡོང་ཡོད།  འཛམ་གླིང་སྟེང་གི་ཁྲུང་ཁྲུང་གཙུག་དམར་འཚོ་གནས་བྱེད་ས་ཆེ་ཤོས་ཏེ་གྲ་ལུང་བརླན་ས་རུ།  ཁྲུང་ཁྲུང་གཙུག་དམར་གྱིས་ཕྱི་རོལ་དུ་སྦྱོང་བརྡར་བྱེད་བཞིན་ཡོད་པས། འཛམ་གླིང་སྟེང་མཐོང་དཀོན་པའི་མཛེས་ལྗོངས་ཤིག་མངོན་ཡོད། བརླན་ས་ནི་སའི་གོ་ལའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པས། དེར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར། རིག་གནས་བཅས་ཀྱི་རིན་ཐང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརླན་ས་སྲུང་སྐྱོབ་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། གལ་ཆེའི་བརླན་ས་མང་པོར་རྟོག་ཞིབ་གནང་། ཁོང་གིས་བརླན་སའི་རྩ་བ་ནི་གདོད་མའི་སྐྱེ་ཁམས་དང་གདོད་མའི་སྐྱེ་ཁམས་ནི་ཡུལ་སྐོར་གྱི་མ་རྩ་ཡིན་པས། ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་ཁོར་ཡུག་བློས་གཏོང་མི་རུང་། ཚོང་ལས་ཅན་གྱི་གསར་སྤེལ་ཚད་ལས་བརྒལ་མི་རུང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་བཟོ་བཀོད་གཉེར་མི་རུང་། སྒེར་གྱི་འདུ་གནས་དེ་ལས་གཉེར་མི་རུང་། སྤྱི་གླིང་དེ་མི་དམངས་མང་ཚོགས་ཀྱིས་མཉམ་དུ་ལོངས་སྤྱོད་ཐུབ་པའི་ལྗང་མདོག་གི་ཁོར་ཡུག་ཏུ་བསྒྱུར་དགོས་པ་བསྟན།  ཀྲུང་གོ་ནི《བརླན་སའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་གྲས་ཀྱི་གཅིག་ཡིན། 《བརླན་སའི་སྤྱི་ཆིངས》ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་འགོ་རྩོམ་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོར་དམིགས་ཏེ། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་བརླན་ས་སྲུང་སྐྱོབ་ཀྱི་གོ་ལ་ཧྲིལ་བོའི་འགུལ་སྐྱོད་ལ་སྐུལ་འདེད་གཏང་དགོས་ཞེས་པའི་བཞེད་དགོངས་བཏོན། ཁོང་གིས་ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས། བརླན་ས་སྲུང་སྐྱོབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཀྲུང་གོ་ཚན་རིག་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཞུས་ཝུའེ་ཧྭ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ཏུ། རང་རྒྱལ་གྱིས་སྔར་བྱུང་མ་མྱོང་བའི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བརླན་ས་སྲུང་སྐྱོབ་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དང་། བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་བརླན་ས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས་ཡོད་ཟེར།

ད་ལྟ་རང་རྒྱལ་གྱིས་བརླན་ས་སྲུང་སྐྱོབ་ལམ་ལུགས་ཀྱི“གདུང་བཞི་ཀ་བརྒྱད”གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཡོད། 《བརླན་ས་སྲུང་སྐྱོབ་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་བརྒྱུད། བརླན་སའི་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ་བེད་སྤྱོད། ཚན་རིག་དང་མཐུན་པའི་སླར་གསོ་སོགས་ཀྱི་ལམ་ལུགས་མ་ལག་བཙུགས་ཡོད། རང་རྒྱལ་གྱིས་མུ་མཐུད་བརླན་ས་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་བརྒྱུད། ལོ་མང་རིང་རིམ་རྩིས་བྱས་ན་ལས་གཞི་སུམ་སྟོང་བརྒྱད་བརྒྱ་ལྷག་ལག་བསྟར་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གཅིག་ལྷག་གསར་སྣོན་དང་ཉམས་གསོ་བྱས་ཡོད། རིམ་རྩིས་བྱས་ན་སྡོང་དམར་ནགས་ཚལ་སྤྱི་ཆིང་དགུ་སྟོང་ཉིས་བརྒྱ་བསྐྲུན་པ་དང་དམིགས་ཚད་ལས་འགན་སྔོན་དུ་ལེགས་འགྲུབ་བྱུང་ནས། འཛམ་གླིང་སྟེང་གི་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེས་ཆེར་འཕར་བའི་རྒྱལ་ཁབ་ཉུང་ཤས་གྲས་ཀྱི་གཅིག་ཏུ་གྱུར།  2025ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་བརླན་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་ས་ཡ་བཞི་ཟིན་ནས་བརླན་སའི་སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་ཡོད། ད་ལྟ། རང་རྒྱལ་གྱིས་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་སོགས་གཙོ་བྱས་པའི་རིམ་པ་མང་བའི་སྲུང་སྐྱོབ་མ་ལག་བཙུགས་ནས། རྒྱལ་སྤྱིའི་བརླན་ས་གལ་ཆེན82གཏན་འཁེལ་བྱས་ཡོད། ད་ལྟ་དེང་རབས་ཚན་རྩལ་གྱིས་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ལ་རིག་ནུས་ཀྱི་གཤོག་ཟུང་སྤྲད་ཡོད། ཧྥུ་ཅན་གྱི་རྨིན་ཅང་གཙང་པོའི་མདོ་རུ། ངང་དཀར་“ཀུའུ་ཐེན་ལི”ཡིས་བཏགས་པའི་འཁོར་སྐར་རྗེས་འདེད་འཕྲུལ་ཆས་ཀྱིས་དུས་ཐོག་ཏུ་འགུལ་སྐྱོད་རྗེས་ཤུལ་ཕྱིར་ལེན་ཐུབ་པས། བརླན་སའི་བདེ་ཐང་ཕྲ་མཐོང་གི“ཚོར་འདྲེན་ཡོ་བྱད”དུ་གྱུར་ཡོད། པོ་དབྱང་ཧུའུ་མཚེའུ་རུ་མིས་བཟོས་རིག་ནུས་ལ་བརྟེན་པའི་དུས་བྱ་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱིས་དུས་བྱ་ཁྲི་བཅུ་ཕྲག་ཁ་ཤས་ལ་གནད་འཁེལ་དབྱེ་འབྱེད་དང་གྲངས་རྩིས་བྱས་ཡོད། ཁྲུང་ཁྲུང་དཀར་པོའི་གྲམ་ཐང་བརླན་ས་རུ། “བར་སྣང་དང་ནམ་མཁའ། ས་གཞི”གཞི་གཅིག་ཅན་གྱི་རིག་ནུས་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ནས་མི་མེད་གནམ་གྲུ་དང་དམར་ཕྱིའི་པར་ཆས། ཆུ་དཔྱད་ཚོར་ཆས་སོགས་སྒྲིག་ཆས་གཅིག་སྡུད་བྱས་ཡོད་པས། རྣམ་པ་ཀུན་དུ་བརླན་སའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན། ཞིབ་ཚགས་ཚོར་ཤེས་སོགས་མངོན་འགྱུར་བྱུང་ཡོད།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་དུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་དགོས་ཞེས་བཏོན་ཡོད། བརླན་ས་སྲུང་སྐྱོབ་བྱ་རྒྱུ་ནི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོས་བརླན་སའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་། ལུགས་མཐུན་ངང་བེད་སྤྱོད་བཅས་བྱ་རྒྱུར་སྔར་ལས་ཤུགས་སྣོན་དགོས། རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས་ཀྱིས་སྡོང་དམར་ནགས་ཚལ་སྲུང་སྐྱོབ་ཉམས་གསོའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་གིས་སྤེལ་བཞིན་ཡོད། གོ་ལ་ཧྲིལ་པོའི་སྡོང་དམར་ནགས་ཚལ་དྲིལ་སྒྲོག་སློབ་གསོའི་མཉམ་ལས་ལས་སྟེགས་བསྐྲུན་པའི་འདོད་བློའི་ཁོངས་གཏོགས་རྒྱལ་ཁབ20ཇེ་མང་དུ་སོང་ཡོད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བརླན་ས་དོ་དམ་སི་ཡི་སི་ཀྲང་གཞོན་པ་དབྱང་ཧྥུང་ཝུའེ་ཡིས་བཤད་རྒྱུར། རིམ་པ་རྗེས་མར《བརླན་ས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་མཐར་ཕྱིན་དང་། བརླན་ས་སྲུང་སྐྱོབ་ཀྱི་ཉམས་གསོའི་བཟོ་སྐྲུན་གལ་ཆེན་གཅིག་གྱུར་འཆར་འགོད་ངང་ལག་བསྟར་བྱེད་པ་དང་། སྡོང་དམར་ནགས་ཚལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཧུའུ་ཧྭ་མུས་རྩྭ་འགོག་བཅོས་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། བརླན་སའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པར་སྐུལ་བ་དང་།“སའི་གོ་ལའི་མཁལ་མར”སྲུང་སྐྱོང་ཡག་པོ་བྱས་ནས། བརླན་སའི་ཁེ་ཕན་སྔར་ལས་གང་མང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།