ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དམངས་ཆེན་འཐུས་ཚབ་པའི་ཚན་ཆུང་བགར་བའི་གྲོས་ཞིབ་སོ་སོར་ཞུགས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

​ཉེ་བའི་ཉིན་འདི་འགར། ཞིང་ཆེན་ཏང་ཨུའི་ཧྲུའ་ཅི་གཞོན་པ་ལིའུ་ཆིས་ཧྥན་མཚོ་ཤར་ཚན་ཆུང་དང་ཡུས་ཧྲུའུ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མཱེ་ཕེན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁུ་རུ་སུའུ་ལེས་རུ། ཀྲུའུ་ཞང་ཧྥིན། ཧོ་ལུའུ་ཁྲོན། ཚའོ་ཅོན་བཅས་ཚན་ཆུང་སོ་སོའི་གྲོས་ཞིབ་ལ་ཞུགས། སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཚོགས་ཆེན་གྱི་སྙན་ཞུ་ཁག་ལ་གཞིགས་ནས་འཐུས་མི་རྣམས་ཀྱིས་གྲོས་བསྡུར་གང་ལེགས་བྱས།

ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། སྤྱི་སྡོམ་བྱས་པའི་གྲུབ་འབྲས་དོན་དངོས་ཡིན་ལ། ཇུས་འགོད་བྱས་པའི་བྱ་བའི་རིག་ལམ་གསལ་བོ་ཡིན་པ། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཡོངས་སུ་ཁྱབ་ཡོད་པ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དམིགས་ཚད་དུ་འཛིན་པ་བཅས་བྱས་ནས། ཞིང་ཆེན་ཏང་ཨུའི་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད་པར་ངེས་འཛིན་བྱེད་ཀྱིན་འདུག སྙན་ཞུ་ཡིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དང་སྲིད་གཞུང་བྱ་བ་དོན་འཁྱོལ་བྱེད་པ་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་མངོན་ཡོད་པར་མ་ཟད། འདས་པའི་ལོ་གཅིག་རིང་གི་འཕེལ་རྒྱས་ཀྱི་གྲབ་འབྲས་ཇི་མ་ཇི་བཞིན་དུ་མངོན་ཡོད་ལ། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་དམིགས་འབེན་ལག་བསྟར་དོན་འཁྱོལ་ཐུབ་པ། མི་སེམས་ལ་སྐུལ་མ་གཏོང་ཐུབ་པ་ཞིག་རེད།

2025ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱིར་དྲན་ཞིག་བྱས་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་ཚོར་ཡར་བརྩོན་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པར་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་གྲུབ་འབྲས་ལོ་རེ་བཞིན་ཇེ་ལེགས་སུ་སོང་ཡོད་ལ། དམངས་འཚོའི་འགན་སྲུང་སྔར་བས་སྟོབས་ལྡན་ཡིན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད་པ། གྲོང་གསེབ་དར་སྤེལ་གོམ་སྟབས་བརྟན་པོས་ཡར་རྒྱས་སུ་བཏང་ཡོད་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་སྲུང་འཛིན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཆེས་མགྱོགས་པ་དང་འགྱུར་ལྡོག་ཆེས་ཆེ་བ། མང་ཚོགས་ལ་ཕན་འབྲས་ཆེས་མང་བོ་ཐོབ་པའི་དུས་སྐབས་སུ་སླེབས་ཡོད་པར་ཚང་མས་གཅིག་མཐུན་གྱིས་ངོས་འཛིན་བྱེད་ཀྱིན་ཡོད།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་རྩོམ་པའི་ལོ་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཚང་མས་བསྟན་དོན། སྙན་ཞུའི་ཁྲོད་ཕྱོགས་དྲུག་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་དུས་སྐབས་ཀྱི་དམིགས་འབེན་གཙོ་བོ་གསལ་སྟོན་བྱས་ཡོད། དམིགས་པ་དྲུག་གི་མ་ལག་གིས2026ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་གྱི་དོན་དངོས་དང་མཐུན་པར་མ་ཟད། འགན་འཁྲི་ཁག་ཁུར་ཐུབ་པ་དང་འབད་པས་སྔོན་བརྩོན་བྱེད་པའི་སྙིང་སྟོབས་མངོན་ཡོད། ད་ལོ་དང་མ་འོངས་པའི་ལོ་ལྔའི་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་བྱེད་ཐབས་གསལ་བསྟན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བསམ་བློ་དང་དགུལ་སྐྱོད་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། དམངས་སེམས་གཅིག་གྱུར་སྒོས་འབད་པས་མདུན་སྐྱོད་བྱེད་པ་དང་། ངེས་ཤུགས་བརྟན་པོས་དོན་འཁྱོལ་དམ་འཛིན་བྱེད་པ་དང་དོན་དངོས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲུབ་འབྲས་དངོས་ཐོབ་པར་བྱེད་དགོས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་ལེགས་པོར་རྩོམ་ཐུབ་པར་འགན་སྲུང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།