
ཟླ་དང་པོའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།
ཟླ་དང་པོའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་གྲོལ།
གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི382ཡོད་པ་དང་། འཐུས་མི353ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིའུ་ཆི་ཧྥན་དང་། ཝང་ལི་མིང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ལུའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས། ལིའུ་མེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥུན། ཧོ་ལུའུ་ཁྲུན། ཚའོ་ཅུན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་གྲོས་ཚོགས་སུ་ཞུགས་ཡོད་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།
གྲོས་ཚོགས་ལས་ཝང་ལི་མིང་དང་ཉི་མ་སྒྲོལ་མའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ལས་དགོངས་ཞུ་བྱ་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ལས་མིང་མ་བཀོད་པར་འདེམ་ཤོག་འཕེན་པའི་རྣམ་པས་ཚའེ་ཁྲེང་ཡུང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ་དང་། མ་དབྱིན་ལུང་དང་། ཐེན་ཞུའུ། ཀྲུའུ་ཀྲན་རྨིན། ལིའུ་ཞིན་རྨིན། སུན་ཡེ་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས། ཀྲུའུ་ཀྲན་རྨིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་འདེམས་རྒྱུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ལ། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པ་མ་ཟད་རྩ་ཁྲིམས་ཀྱི་དམ་བཅའ་བཞག
གྲོས་ཚོགས་ལས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ཐེངས་བཅོ་ལྔ་པའི་རྩ་གནད། མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2026ལོའི་སྔོན་རྩིས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་རེ་རེ་བཞིན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། གཏན་འཁེལ་བྱས་པའི་དམིགས་འབེན་གྱིས་བརྩོན་སེམས་བསྐྱེད་པར་བྱེད་པ་དང་། འཆར་འགོད་བྱས་པའི་འཐབ་ཇུས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། བཀོད་སྒྲིག་བྱས་པའི་བྱེད་ཐབས་གཟབ་ནན་ནུས་ལྡན་ཡིན། དེ་ནི་དར་ཆ་མཐོར་སྒྲེང་དང་སེམས་ནུས་གཅིག་སྒྲིལ། དམངས་གཙོ་དར་སྤེལ་དང་དངོས་སྒྲུབ་དངོས་གཉེར། མཐུན་སྒྲིལ་འབད་འཐབ་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངར་ཤུགས་ཆེན་པོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པར་སྐུལ་མ་གཏོང་ངེས་ཡིན་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་གྱི་སྐབས་སུ། འཐུས་མི་རྣམས་ཀྱིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བཅས་བྱས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། སྙིང་སྟོབས་ཆེན་པོ། འགན་འཁྲི་དྲག་པོ་བཅས་མངོན་ནས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས། ལོ་ཚོད་ཀྱི་རྐྱེན་གྱིས་བློ་མཐུན་སྐོར་ཞིག་གིས་འབྲེལ་ཡོད་ཀྱི་འགན་འཁུར་རྒྱུ་མིན་མོད། ལོ་ངོ་མང་པོའི་རིང་། བློ་མཐུན་དེ་དག་གིས་ལས་གནས་བརྟན་སྲུང་དང་དངོས་སྒྲུབ་འགན་ཁུར་བཅས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན། ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་། ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོར་རྩོམ་དགོས་པ་དང་། ངེས་པར་དུ་བསམ་བློའི་ཕྱོགས་སྟོན་བརྟན་པོར་གཏོང་བ་དང་ལྗང་མདོག་གི་རྨང་གཞི་བརྟན་པོ་འཛུགས་པ། འཕེལ་རྒྱས་ཀྱི་གནད་འགག་ལ་དམ་པོར་དམིགས་པ། མི་དམངས་ལ་ཕན་པའི་རྨང་གཞི་བརྩི་སྲུང་བྱེད་པ། དངོས་སྒྲུབ་ཀྱི་བྱ་སྤྱོད་སྦྱོང་བརྡར་བཅས་བྱས་ཏེ། འགོ་བཟང་བོ་རྩོམ་པ་དེས་ལོ་ལྔའི་རིང་གྲུབ་འབྲས་བཟང་པོ་ལེན་པར་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འགོ་ལེགས་པོ་རྩོམ་པ་དང་ལེའུ་གསར་པ་བསྐྲུན་དགོས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ། “རྒྱུན་འཁྱོངས་གསུམ”གྱི་ལག་ལེན་བླང་བྱ་བཅས་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་གནས་བབ་ཡང་དག་པར་བཙལ་ནས་མཚོ་སྔོན་གྱི་འགན་འཁྲི་མངོན་པ་དང་། ལས་དོན་སྣ་ཚོགས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་དུ་འཇུག་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་གྱུར་གྱིས་སྣེ་ཁྲིད་བྱེད་པ་དང་། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། བྱེད་ཐབས་དངོས་ཀྱི་ཐོག་ནས་མ་ལག་གི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐབས་ལམ་སྔར་ལས་ཡངས་པའི་ཐོག་ནས་རིན་ཐང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རི་སྔོ་ཆུ་དྭངས་དངོས་གནས་གསེར་རི་དང་དངུལ་རིར་འགྱུར་དུ་འཇུག་དགོས། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གལ་ཆེ་བ་གཙོར་འཇོག་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་དགེ་མཚན་འདོན་སྤེལ་རྒྱུན་འཁྱོངས་བྱེད་པ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཐོན་ལས་ཀྱི“གནས་བཞི”བྱེད་ཐབས་སུ་བྱས་ཏེ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་གསོན་ཤུགས་ལྡན་པའི་འབྱུང་ཁུངས་སུ་བྱས་ཏེ། འཕེལ་རྒྱས་ཀྱི་རྟིང་ཤུགས་སྔར་ལས་འདང་ངེས་དང་གོམ་སྟབས་སྔར་ལས་བརྟན་པ། སྤུས་ཚད་དང་ཕན་འབྲས་སྔར་ལས་ལེགས་པ་བཅས་བྱ་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་རྩ་སེམས་སུ་བཅངས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས། དངོས་པོར་མ་རྩ་གཏོང་བ་དང་མི་ལ་མ་རྩ་གཏོང་བ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཐག་གཅོད་ལེགས་པོ་བྱེད་པ་དང་། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་དོན་དངོས་སྔར་ལས་ལེགས་པར་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་བསྐྲུན་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་ནས། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱས་ཏེ། དངོས་ཡོད་ནས་འགོ་རྩོམ་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས། རང་རྟོགས་སྒོས་མི་དམངས་ལ་སྲིད་འབྲས་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་བྱས་རྗེས་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་དམངས་ཆེན་གྱིས་རང་རྟོགས་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་དམ་པོར་དམིགས་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། འཐུས་མི་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། རིམ་པ་སོ་སོའི་དམངས་ཆེན་འཐུས་མི་རྣམས་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་པ་དང་། དངོས་སྒྲུབ་སྔོན་བརྩོན་གྱི་ལག་ལེན་པ་ཡག་པོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ལག་ལེན་ཁྲོད་ཞུགས་དགོས་པའི་བླང་བྱ་བཏོན།
ཝུའུ་ཞའོ་ཅུན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ། ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་དང་ངར་སྐྱེད་མདུན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ལེའུ་གསར་པ་དང་འབད་བརྩོན་ཆེན་པོས་འབྲི་དགོས་པའི་འབོད་སྐུལ་བཏང་།
ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཁུངས་དང་དོན་སྒྲུབ་ལས་ཁུངས་སོ་སོ། མངགས་སྡོད་སྒྲིག་ཁྲིམས་ལྟ་ཞིབ་ཚན་ཆུང་གི་འགན་འཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་མཚོ་སྔོན་དུ་སྡོད་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ།