ཟླ1ཚེས27ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་ནུབ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཝང་ལི་མིང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་གྱིས་ཁྱབ་ཡོད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཇུས་ཆོད་བཀོད་སྒྲིག་ལེགས་པོར་མངོན་ཡོད་པར་མ་ཟད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བྱ་བའི་བླང་བྱར་གནད་འཁེལ་སྦྲེལ་མཐུད་བྱས་ཡོད་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་དང་འབྲེལ་མཐུད་དམ་ཟབ་བྱས་ཡོད་པར་བརྟེན། གྲུབ་འབྲས་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། གནས་བབ་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་པར་མ་ཟད། དམིགས་འབེན་གཏན་ཁེལ་བྱས་པ་ཧ་ཅང་གསལ་ལ། ལས་འགན་བཀོད་སྒྲིག་བྱས་པ་འབུར་ཐོན་ཡིན་པ་དང་། ཕྱོགས་ཡོངས་ནས་གཞུང་ལུགས་དང་ལག་ལེན། སྤྱི་དང་བྱེ་བྲག འཕྲལ་དང་ཕུགས། འཕེལ་རྒྱས་དང་བདེ་འཇགས་བཅས་གཅིག་འདོམས་བྱས་པས། ད་ལོ་དང་མ་འོངས་པའི་ལོ་ལྔའི་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་ཇུས་འགོད་བྱས་ཡོད་ལ། དེ་ནི་ཆབ་སྲིད་ཀྱི་མཐོ་ཚད་དང་ལག་ལེན་གྱི་ཟབ་ཚད་གསལ་བོར་མངོན་པར་མ་ཟད། དམངས་འཚོའི་དྲོད་འཁོལ་ལ་གཅེས་སྲུང་དང་། ཁག་ཁུར་སྙིང་སྟོབས་གསལ་བོར་མཚོན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཅིག་རེད་ཟེར།
ཝང་ལི་མིང་གིས་བསྟན་དོན། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་གྱིས་དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ཏེ། རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་སོགས་ཀྱི་གཙོ་གནས་ལས་འགན་བཅས་ལ་དམ་པོར་དམིགས་ནས། ཁྲིམས་སྐྱོང་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ལྟ་སྐུལ་གྱི་སྲ་གཤིས་དངོས་འབྲས་ལ་ཤུགས་སྣོན་པ། འཐུས་མིའི་འགན་སྒྲུབ་ལག་ལེན་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། གནད་འཁེལ་ལྟ་སྐུལ་གྱིས་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། ནུས་མཐོའི་འགན་སྒྲུབ་ཀྱིས་ཡར་བརྩོན་མཉམ་ཤུགས་གཅིག་སྡུད་བྱེད་པ། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ལེགས་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་རོགས་ཤུགས་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དམངས་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།