སྤུས་ཚད་མཐོ་བའི་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་བཏང་ནས་ཁང་སའི་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་འགོ་ལས།“གྲོང་ཁྱེར་གསར་བརྗེ་ཤུགས་ཆེན་བྱེད་པ”དང“ཁང་སའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི”ཐད་བྱེ་བྲག་གི་བླང་བྱ་བཏོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར། རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་བཏང་སྟེ། བདེ་འཇགས་དང་སྐྱིད་སྣང་དོད་པའི་ལྗང་མདོག་རིག་ནུས་ཀྱི“ཁང་པ་ཡག་པོ”བསྐྲུན་རྒྱུ་དང་། ཁང་སའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཇི་ལྟར་བསྐྲུན་ངེས་པའི་ཐད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཉི་ཧུང་ལ་ཆེད་དོན་བཅར་འདྲི་བྱས།

ཉི་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གསར་སྒྱུར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི་གཉིས་དྲུག་སྟོང་བསྒྱུར་བཀོད་བྱེད་འགོ་བརྩམས་ནས། སྡོད་གནས་ཀྱི་ཆ་རྐྱེན་ལེགས་བཅོས་དང་གྲོང་ཁྱེར་གྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། ས་འོག་སྦུག་དྲ་སྤྱི་ལེ་འབུམ་གཅིག་ཁྲི་ལྔ་དྲུག་སྟོང་འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཏེ། གྲོང་ཁྱེར་གྱི་མཉེན་གཤིས་ཇེ་དྲག་ཏུ་བཏང་། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་གྲོང་ཁྱེར་དུ་བརྟག་དཔྱད་བྱས་ནས་རྙེད་པའི་གནད་དོན་དེ་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་དུ་བརྩིས་ནས། དམངས་འཚོའི་བཟོ་སྐྲུན་དང་། འཕེལ་རྒྱས་བཟོ་སྐྲུན། བདེ་འཇགས་བཟོ་སྐྲུན་བཅས་རབ་དང་རིམ་པ་སྤྱི་འདོམས་ལག་བསྟར་ཡག་པོ་བྱས།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཉི་ཧུང་གིས་བཤད་རྒྱུར། དམངས་འཚོའི་བཟོ་སྐྲུན་གྱི་གཙོ་གནད་ནི་དོན་དག་གསུམ་དམ་འཛིན་ཡག་པོ་བྱེད་རྒྱུ་ཡིན་ཏེ། གཅིག་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པའི་སྒྱུར་བཀོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནི་སྡེ་ཁུལ་ཆ་ཚང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། དམངས་ལ་སྟབས་བདེ་དང་། དམངས་ཕན། དམངས་བདེ་བ་བཅས་ཡོང་བར་དམིགས་ནས།“རྒན་པ་དང་བྱིས་པར”སྔར་ལས་ལྷག་པའི་གཅེས་སྐྱོང་བྱེད་རྒྱུ་དེ་ཡིན། གསུམ་ནི་གྲོང་ཁྱེར་གྱི་སྤྱི་པའི་བར་སྟོང་ཆུང་གྲས་བསྒྱུར་བཀོད་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་སྡེ་ཁུལ་སྤྱི་གླིང་དང་སྤྱི་གླིང་ཆུང་བ་མང་དུ་གཏོང་དགོས་པ་བཅས་ཡིན་ཟེར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས། ཁང་སའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ཉི་ཧུང་གིས་བསྟན་དོན། བྱ་བ་དེའི་འགག་རྩ་ནི་ཁང་སའི་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་རྒྱུར་ཐུག་ཡོད་ལ། དེ་ལས་ནང་དོན་གལ་ཆེན་ཞིག་ནི“ཁང་པ་ཡག་པོ”བསྐྲུན་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་དེ་རེད།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཉི་ཧུང་གིས་བཤད་རྒྱུར། ང་ཚོས་ད་ལོར་ས་གནས་ཁག་གིས་དོན་འཁྱོལ་ནན་ཏན་བྱ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་ཡིན་ལ། དུས་མཚུངས་སུ་མུ་མཐུད་དུ་ཚད་གཞི་ཡག་པོ་དང་། ཇུས་འགོད་ཡག་པོ། རྒྱུ་ཆ་ཡག་པོ། བཟོ་སྐྲུན་ཡག་པོ། ཞིག་གསོ་ཡག་པོ་ཡོང་བར་དམིགས་ནས“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་དགོས་ལ། ཁང་པ་གསར་པ་དེ“ཁང་པ་ཡག་པོ”ཞིག་ཏུ་བསྐྲུན་དགོས་པ་མ་ཟད། ཁང་པ་རྙིང་པ་དེ་ཡང་རིམ་བཞིན“ཁང་པ་ཡག་པོར”བསྒྱུར་བཀོད་བྱས་ནས། ཐོན་ལས་མུ་ཕྲེང་རིམ་སྤོར་ལ་སྐུལ་ཁྲིད་བྱེད་དགོས། ཁང་སའི་ཐོན་ལས་ཁེ་ལས་དང་ཨར་སྐྲུན་ཁེ་ལས་ཀྱིས“ཁང་པ་ཡག་པོ”བསྐྲུན་རྒྱུ་ནི་ཐོན་ལས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་ཞིག་ཡིན་པ་ཤེས་དགོས།

ཁང་སའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལས་དོན་གཞན་ཞིག་ནི་ཁང་སའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གཏོད་རྒྱུ་དེ་རེད། གོ་རིམ་རྗེས་མར། ས་གནས་ཁག་གིས་གྲོང་ཁྱེར་དང་བསྟུན་ནས་ཇུས་འདོན་དང་། གནད་ཁེལ་ཇུས་འདོན། གྲོང་ཁྱེར་གཅིག་ལ་ཐབས་ཇུས་གཅིག་བཅས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། འཕར་ཚད་ཚོད་འཛིན་དང་མཛོད་ཉར་ཉུང་གཏོང་། མཁོ་སྤྲོད་ཇེ་ལེགས་སུ་གཏོང་དགོས་ལ། ཁང་སའི་ཐོན་ལས་ཀྱི་དངུལ་བསྲེས“མིང་ཐོ་དཀར་པོའི”ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། སྡོད་ཁང་དང་ཁེ་ལས་ཀྱི་ལུགས་མཐུན་གྱི་དངུལ་བསྲེས་དགོས་མཁོར་རྒྱབ་སྐྱོར་དང་། སྡོད་དམངས་ཀྱི་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་ཏེ། ཁང་སའི་ཐོན་ལས་ཁྲོམ་རའི་བརྟན་བརླིང་འཁོར་སྐྱོད་ལ་སྐུལ་འདེད་གཏོང་དགོས།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཉི་ཧུང་གིས་བཤད་རྒྱུར། གོ་རིམ་རྗེས་མར། གཙོ་གནད་ནི་ཁང་སའི་ཐོན་ལས་གསར་སྤེལ་དང་དངུལ་བསྲེས། ཕྱིར་འཚོང་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་ངང་འཛུགས་རྒྱུ་དེ་ཡིན། ཁང་སའི་ཐོན་ལས་ཀྱི་གསར་སྤེལ་ཐད། ལས་གཞིའི་ཀུང་སིའི་ལམ་ལུགས་ཏན་ཏིག་བཟོས་ནས། ལས་གཞིའི་མ་དངུལ་བཀག་སྡོམ་དོ་དམ་དང་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཁང་སའི་ཐོན་ལས་ཀྱི་དངུལ་བསྲེས་ཐད། གཙོ་སྒྲུབ་དངུལ་ཁང་ལམ་ལུགས་ཁྱབ་གདལ་གཏོང་དགོས་ལ། དེ་ནི་ལས་གཞི་གཅིག་གིས་དངུལ་ཁང་ངམ་ཡང་ན་དངུལ་ཁང་ཚོགས་པ་ཞིག་གཙོ་གཉེར་དངུལ་ཁང་དུ་གཏན་འཁེལ་བྱ་རྒྱུ་དེ་རེད། ཚོང་ཟོག་ཁང་པའི་ཕྱིར་འཚོང་ཐད། ད་ཡོད་ཁང་པའི་ཕྱིར་འཚོང་ལམ་ལུགས་ཁྱབ་སྤེལ་བཏང་སྟེ།“གང་མཐོང་དེ་ཐོབ”མངོན་འགྱུར་བྱས་ནས། ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་དོན་དམ་དུ་སྲུང་སྐྱོང་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།