ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་སྤྲོད་པའི་གྲོས་འདོན་ཇུས་གཞི་དང་ཐོ་འགོད་གྱོད་གཞི327ཡོད་པ་ཚང་མ་སྒྲུབ་ཚར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པོའི་ཚེས23ཉིན། གསར་འགོད་པས་ཞིང་ཆེན་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་དང་བགྲོ་གླེང་བྱེད་བཞིན་པའི་དཀའ་གནད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས། ཁྱོན་སྡོམ་གྲོས་གཞི415བཏོན་པ་དང་། གྱོད་གཞི་ཐག་གཅོད་བྱས་ཚད78.8%ཟིན་ཡོད་ལ། གྲོས་འདོན་བྱས་པའི་ཇུས་གཞི་དང་ཐོ་འགོད་བྱས་པའི་གྱོད་གཞི་དག་འགན་སྒྲུབ་ལས་ཁུངས70ལྷག་ལ་སྤྲད་ནས་སྒྲུབ་པ་དང་། གྲོས་གཞི་ཡོད་ཚད་དུས་ལྟར་ཡོངས་འགྲུབ་བྱས། སྤུས་ཚད་མཐོ་བའི་གྲོས་གཞི་དང་བསམ་འཆར་མང་བོ་ཞིག་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སུ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཆེད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱས་ཡོད་ལ། བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།

ཞིང་ཆེན་སྲིད་གྲོས་ཀྱིས་ཆབ་སྲིད་ཀྱི་བླང་བྱ་དང་། ཆབ་སྲིད་ཀྱི་ཚད་གཞི། ཆབ་སྲིད་ཀྱི་རྩ་དོན་བཅས་གྲོས་འདོན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱས་ཏེ།“རྒྱལ་དོན་གྱི་ཆེ་ཕྱོགས”དང་། ཞིང་ཆེན་གྱི་བྱ་བ་གལ་ཆེན། མི་དམངས་ཀྱི་དོ་ཁུར་བྱ་ཡུལ་བཅས་ལ་དམིགས་ཏེ། མ་ལག་རང་བཞིན་དང་གནད་འཁེལ་རང་བཞིན་གྱིས་སྲིད་སྐྱོང་གྲོས་འདོན་བྱས་ཡོད། གནས་ཚུལ་རྒྱུས་ལོན་དང་སྲིད་ཇུས་ཤེས་རྟོགས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། རྒྱ་ཁྱབ་ཀྱིས་བསམ་འཆར་བསྡུ་ལེན་བྱེད་པ། གྲོས་མོལ་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ཐབས་གཏན་ཁེལ་བྱེད་པ་བཅས་བྱས་ཏེ། བཏོན་པའི་གནས་ཚུལ་གནད་ལ་འཁེལ་བ་དང་། གནས་ལུགས་ལྡན་པ། ཁ་ཕྱོགས་ཡང་དག་ཡིན་པ། བསམ་འཆར་དོན་དངོས་དང་མཐུན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་གྲོས་བཏོན་དང་། གྲོས་གཞིའི་དངོས་ཡོད་སྤུས་ཚད་མཐོ་རུ་བཏང་ཡོད།   

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། གྲོས་གཞིར་ཐོག་མའི་ཞིབ་བཤེར་བྱེད་པའི་སྲིད་ཇུས་ཀྱི་འགག་སྒོ་དང་། ནང་དོན་གྱི་འགག་སྒོ། སྤུས་ཀའི་འགག་སྒོ་བཅས་ནན་སྲུང་བྱས་ཏེ། “ཕྱིར་འཐེན་དང་། མཉམ་བསྲེས། གཞན་སྒྱུར། བཅོས་བསྒྱུར”བཅས་ཀྱི་ཞབས་ཞུ་སྒོ་ཁར་བསྐྱེལ་བར་སྐུལ་འདེད་བཏང་ནས། གྲོས་འདོན་བྱ་བའི་ཚན་རིག་རང་བཞིན་དང་གཟབ་ནན་རང་བཞིན། ལག་བསྟར་ཆོག་འཐུས་རང་བཞིན་བཅས་ཆེ་རུ་བཏང་ཡོད། གྲོས་མོལ་བྱེད་པའི་དམངས་གཙོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སྣེ་མི་འདྲ་བ་དང་། རྩ་ཚད་མི་འདྲ་བ། རིམ་པ་མི་འདྲ་བ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲེས་གྲོས་མོལ་གཏིང་ཟབ་སྤེལ་བ་དང་། གྲོས་གཞིའི་ལྟ་སྐུལ་དོ་དམ་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་གཏིང་ཟབ་བྱེད་པ། གཙོ་གནད་གྲོས་གཞི་དམ་འཛིན་བྱ་ཡུལ་དུ་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲུབ་སྐུལ་བྱེད་པ་དང་། “རིམ་པ་གསུམ་གྱི་སྲིད་གྲོས”ཀྱི་མཉམ་འབྲེལ་སྒྲུབ་སྐུལ་བྱེད་པ། གཙོ་གནད་གྲོས་གཞིའི་སྒྲུབ་གཉེར་གྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པ་བཅས་བརྒྱུད་ནས། གནད་གཅིག་གིས་ཕྱོགས་ཡོངས་ལ་སྣེ་ཁྲིད་པའི་སྒོ་ནས་གྲོས་འདོན་བྱ་བའི་ཆུ་ཚད་མཐོ་རུ་བཏང་ཡོད།

གྲོས་འདོན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གཞིགས་ནས། སྲིད་གྲོས་ཀྱི་གྲོས་འདོན་དང་གྲོས་གཞིའི་གཉེར་སྒྲུབ་ཀྱི“ཕྱོགས་གཉིས་དཔྱད་མོལ”གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བརྗེ་རེས་ཉམས་མྱོང་ཕྱོགས་སྡོམ་དང་། ཤུགས་ཆེན་པོས་གྲོས་འདོན་བྱ་བ་ལེགས་པོར་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་འདོན་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་ཐེངས་གཉིས་བྱས་པ་དང་། ཕྱོགས་ཡོངས་ནས་གྲོས་འདོན་བྱ་བའི་སྲོལ་ཡིག་གིས་སྤྱི་འདོམས་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དང་དོན་འཁྱོལ་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་གྲོས་གཞི་འདོན་མཁན་དང་འགན་སྒྲུབ་ལས་ཁུངས་ཀྱི་འབྲེལ་འདྲེས་དམ་ཟབ་བྱེད་པ་དང་། གྲོས་འདོན་བྱ་བའི་ལས་རིམ་ཁག་མཐུན་སྦྱོར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོས་འདོན་བྱ་བའི་སྔོན་ཐོན་བྱེད་ཐབས་དང་དཔེ་མཚོན་ཅན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་པ། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ། སྤུས་ཚད་མཐོ་བའི་སྒྲུབ་གཉེར་དང་དོན་འཁྱོལ་གྱི་བྱ་བའི་འགྲིལ་ཤུགས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ། གྲོས་གཞིའི་སྒྲུབ་གཉེར་དེ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོར་ཕན་པ་བཅས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།