ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་དྲུག་ཅུ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་འགོ་འཛིན་བྱས། དབྱང་ཧྥེང་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲེང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་གྲོས་གཞི་གྲོས་དོན་དང་ཚོགས་མགོ་རྩོམ་པའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། མི་དོན་བསྐོ་འཐེན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཟུར་ཞུགས་མི་སྣ་ལེགས་སྒྲིག་བྱེད་པའི་མིང་ཐོའི་འཆར་ཟིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཆེན་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་ལེགས་སྒྲིག་བྱེད་པའི་མིང་ཐོའི་འཆར་ཟིན་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གི་གྲོས་གཞི་ཚང་མ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཉིན་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གི་ཉིན་རིམ་འཆར་ཟིན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་སྟེགས་བུར་སྡོད་པའི་མི་སྣ་ལེགས་སྒྲིག་བྱེད་པའི་སྐོར་གྱི་གྲོས་གཞིའི་མིང་ཐོའི་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གནས་སྐབས་ཏང་ཙུའུ་མིང་ཐོ་ལེགས་སྒྲིག་བྱེད་པའི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གི་སྙན་ཞུར་འཐད་པ་བྱུང་།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ལག་བསྟར་ཀྲུའུ་ཞིའི་ཚན་ཆུང་བགོ་པའི་མིང་ཐོ་ལེགས་སྒྲིག་བྱེད་པའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་མིང་འདོན་པར་སྤྲོད་རྒྱུར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།