རང་རྒྱལ་གྱིས་ནུས་ཤོར་འབྲིང་ཡན་གྱི་རྒན་རྒོན་ལ་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྟེར་རྒྱུ་རེད།དམངས་སྲིད་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་ཉེ་ལམ་ཡིག་ཆ་དཔར་འགྲེམས་བྱས་ནས་བརྡ་ཐོ་སྤེལ་དོན། ད་ལོའི་ཟླ1ཚེས1ཉིན་ནས་བཟུང་། ནུས་ཤོར་འབྲིང་ཡན་གྱི་རྒན་རྒོན་ཡོངས་ལ་ཁ་ཕྱོགས་ནས་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་ཀྱི་སྲིད་ཇུས་ཤིག་རྒྱལ་ཡོངས་ནས་དངོས་སུ་ལག་བསྟར་བྱས་ཡོད། སྲིད་ཇུས་དེ་ནི་ན་ནིང་གི་ཟླ་བ7པར་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ཏུ་ཚོད་ལྟའི་ཚུལ་གྱི་རྨང་གཞིའི་སྟེང་ལག་བསྟར་བྱས་ཡོད་ལ།ད་ལོའི་ཟླ་བ1ཚེས1ཉིན་ནས་བཟུང་། གཅིག་གྱུར་གྱི་དཔྱད་བསྡུར་བརྒྱུད་ནུས་པ་འབྲིང་ཙམ་ཤོར་བ་དང་། ནུས་པ་ཤོར་བ་ཚབས་ཆེ་བ། ནུས་པ་ཡོངས་སུ་ཤོར་བ་བཅས་རྒན་རྒོན་ནུས་ཤོར་ཅན་ལ་རིམ་པ་གསུམ་དབྱེ་སྟེ། དེ་དག་གིས“དམངས་སྲིད་འཕྲིན་སྟེགས”(“民政通”)ཞེས་པའི(含小程序、APP)བརྒྱུད་དེ་ཟླ་རེར་ཆེས་མཐོ་བ་སྒོར800ལེན་རྒྱུ་ཡོད་པའི་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་ལེན་པར་སྙན་ཞུ་བརྒྱབ་ཆོག་ཅེས་བསྒྲགས་འདུག་ལ།
དེའི་ནང་དུ་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་འཛད་སྤྱོད་ཁ་གསབ་འཛིན་ཤོག་འཕྲི་འཐེན་གྱི་བསྡུར་ཚད་ནི50%ཡིན་པ་དང་། ལས་ཁུངས་ཀྱི་རྒན་གསོ་ཞབས་ཞུའི་འཛིན་ཤོག་འཕྲི་འཐེན་གྱི་བསྡུར་ཚད་ནི40%ཡིན་ལ། ཁ་གསབ་དེ་གློག་རྡུལ་འཛད་སྤྱོད་ཀྱི་འཛིན་ཤོག་རྣམ་པ་ལྟར་ཟླ་རེར་སྤྲད་རྒྱུ་བྱས་ཡོད། ཁ་གསབ་ཀྱི་རྣམ་གྲངས་ལ་ཁྱིམ་སྡོད་དང་། སྡོད་ཁུལ། ལས་ཁུངས་ཀྱི་རྒན་གསོ་བཅས་ཞབས་ཞུ་རིགས་གསུམ་སྟེ། དེ་དག་གི་ཟ་མ་ལས་རོགས་དང་། ཁྲུས་བྱེད་རོགས། གཙང་སྦྲ་བྱེད་རོགས། འགྲོ་སྐྱོད་བྱེད་རོགས། མྱུར་སྐྱོར་བྱེད་རོགས། སྨན་བཅོས་དང་ནད་པ་བདག་སྐྱོང་བྱེད་རོགས། ཉིན་བཅོལ་བདག་སྐྱོང་བ་ལ་སོགས་ཞབས་ཞུ་མང་པོ་འདུ་བ་རེད།