དབུལ་ཐར་ས་ཁུལ་གྱི་སྒུལ་ནུས་གསར་པ་སྐུལ་སློང་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚད་མཐའི་ལས་འགན་ཡིན་ཞེས་ནན་གྱིས་བསྟན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་བྱུང་བའི་ཚད་མཐའ་བསྲུངས་ཐུབ་ཡོད། ད་ལྟ། རྒྱ་ཆེའི་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་དེ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་པར་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད།

ལོ་གསར་པར་སླེབས་རྗེས། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལོ5ཡི་བར་བརྒལ་དུས་སྐབས་ཀྱི་དམིགས་འབེན་ལས་འགན་སོ་སོ་བདེ་བླག་ངང་འགྲུབ་ཟིན་ལ། རྒྱ་ཆེའི་དབུལ་ཐར་ས་ཁུལ་ད་ལྟ་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་དམིགས་འབེན་དེའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

དབུལ་ཐར་ས་ཁུལ་གྱི་མང་ཚོགས་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་ས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་འོག རང་རྒྱལ་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་བ་དང་། ཤུགས་ཚད་ཆེས་ཆེ་བ། ཕན་ཐོགས་མི་གྲངས་ཆེས་མང་བའི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་གཞག་སྒྲིག་འཛུགས་དང་ལག་བསྟར་བྱས། ལོ་བརྒྱད་ཙམ་གྱི་རིང་། ཞིང་སྡེའི་དབུལ་བོ་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ནག་ལས་ཐར་བའི་ལས་འགན་ལེགས་འགྲུབ་བྱས་ནས། ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཡང་བསྐྱར་གསར་གཏོད་བྱས།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་གཞག་ལེགས་འགྲུབ་བྱུང་རྗེས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་བྱུང་བའི་ཚད་མཐའ་བརྟན་པོར་སྲུང་ཆེད། ཏང་ཀྲུང་དབྱང་གིས་ལོ་ལྔའི་བར་བརྒལ་དུས་སྐབས་བཙུགས་པ་རེད། ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་སྟེ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་གནད་ཁེལ་རོགས་སྐྱོར་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་མཐུད་དུ་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་ཁ་གསལ་བོར་གཏོང་བ། དབུལ་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་གྱི་སྔོན་བརྡའི་དང་ལེན་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་བསྟན། ནང་གནས་འཕེལ་ཤུགས་ཆེ་རུ་གཏོང་བའི་ཐད། ཁོང་གིས་ཐོན་ལས་འཕེལ་རྒྱས་ལ་སྔར་ལས་མང་དུ་བརྟེན་དགོས་པ་བསྟན། ཐོན་ཁུངས་གཅིག་བསྡུས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ཤེས་མང་པོ་བཏོན་ནས། རིགས་སོ་སོའི་ཐོན་ཁུངས་དང་རོགས་སྐྱོར་བྱེད་ཐབས་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་རྒྱ་ཆེར་གཏོང་བའི་ཐད་གོང་བུ་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ལས་ཞིང་སྡེ་པུའུ་ཡི་རོགས་སྐྱོར་སིའི་སི་ཀྲང་གཞོན་པ་ལིའུ་ཅུན་ཡུང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ནས། དབུལ་ཐར་མི་སྣའི་ལས་ཞུགས་གཞི་ཁྱོན་ཇེ་བརྟན་དུ་བཏང་བ་དང་། གཙོ་གནད་ས་ཁོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བྱུང་ནས། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་།

ད་ལྟ། དབུལ་ཐར་ས་ཁུལ་དུ་ཐོན་ལས་རྒྱུན་མཐུད་ངང་སྟོབས་ལྡན་དུ་འགྲོ་བཞིན་ཡོད། ཅང་ཞིའི་གསར་བརྗེའི་གནས་རྙིང་ས་ཁུལ་དུ། ཡུལ་ཚོ་དང་ཡུལ་ཚོའི་བར་འཐེན་པའི་ཚ་ལུ་མའི་སྐྱེལ་ལམ་བརྒྱུད། ཚ་ལུ་མ་དང་སྨྱུག་ཚལ་སོགས་རི་ཐོན་ཐོན་རྫས་མགྱོགས་མྱུར་ངང་ཕྱི་རུ་སྐྱེལ་འདྲེན་བྱས་ཏེ། གྲོང་གསེབ་དང་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོ་དམ་པོར་སྦྲེལ། ད་ལྟ། དབུལ་ཐར་རྫོང་ཁག832ཚང་མས་དགེ་མཚན་མངོན་གསལ་དོད་པ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་གཙོ་ཁྲིད་ཐོན་ལས2ནས3བར་སྐྱེད་སྲིང་བྱས་ཡོད་དེ། ཐོན་སྐྱེད་སྤྱི་ཐང་སྒོར་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བདུན་ལས་བརྒལ། དབུལ་ལོག་སྔོན་འགོག་བྱེད་པའི་ལས་ཞུགས་མཁྲེགས་གཏོར་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བར་བརྟེན། དབུལ་ཐར་མི་སྣའི་ལས་ཞུགས་གཞི་ཁྱོན་བསྟུད་མར་ལོ5ལ་མི་བྱེ་བ་གསུམ་གྱི་ཡན་ལ་བརྟན་པོར་གནས་ཐུབ་པ་བྱུང་ནས། དབུལ་ཐར་ཁྱིམ་ཚང་སུམ་ཆའི་གཉིས་ཡན་གྱི་ཡོང་འབབ་བརྟན་པོ་ཡོང་བར་བྱས། དབུལ་ཐར་རྫོང་གི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས7.8%འཕར་བ་དང་། རྒྱལ་ཡོངས་ཞིང་སྡེའི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས0.9ཡིས་མཐོ། ད་ལྟའི་དབུལ་ཐར་ས་ཁུལ་དུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཀུའེ་ཀྲོའུ་པེ་ཕན་ཅང་གཙང་པོའི་ཐོག ཧྭ་ཅང་གྲོག་རོང་ཟམ་ཆེན་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དེས། ཀོན་ལིན་དང་ཀྲེན་ཧྥུང་སྟེ། རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གཉིས་སྦྲེལ་བ་མ་ཟད། ས་གནས་ཀྱི་གྲོང་གསེབ་དར་སྤེལ་ལའང་ཐབས་ལམ་གསར་པ་ཞིག་བཏོད། ད་ལོའི་ལུགས་གསར་ལོ་སར་གྱི་གུང་གསེང་སྐབས། ཀྲེན་ཧྥུང་རྫོང་གི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་དུས་མཉམ་ལས6%ལྷག་འཕར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རྒྱལ་ཡོངས་ཀྱི་ཞིང་སྡེའི་རང་འབབ་ཆུ་ཁྱབ་ཚད84%ནས96%བར་འཕར་བ་དང་། སྲིད་འཛིན་སྡེ་བའིG5ཡི་དྲ་རྒྱ་ཤར་གཏོང་ཐུབ་ཚད90%ལས་བརྒལ། ཞིང་སྡེའི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ས་ཡ་བཞི་དང་དྲུག་འབུམ་བཞི་ཁྲི་ལས་བརྒལ། དབུལ་ཐར་མཁྲེགས་གཏོར་གྱི་ལས་གནས་གཙོ་བོ་ཡིན་པའི་དབུས་ནུབ་རྒྱུད་ས་ཁུལ་དུ། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དང་ལས་སྒོའི་བསྒྲུབས་ཚད་ཀྱིས་རྒྱལ་ཡོངས་ཀྱི་བསྡུར་ཚད་སོ་སོར་བརྒྱ་ཆའི་གྲངས་གནས5.4དང་བརྒྱ་ཆའི་གྲངས་གནས7.5ཇེ་མཐོ་རུ་སོང་སྟེ། དབུས་ནུབ་རྒྱུད་ས་ཁུལ་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། ད་ལྟའི་དབུལ་ཐར་ས་ཁུལ་དུ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་བསྟུན། གཅིག་ལས་གཅིག་ཡག་དང་གཅིག་ལས་གཅིག་བདེ་སྡོད་ཡིན་པའི་གྲོང་གསེབ་སྐྱིད་པོ་ཇེ་མང་དུ་འགྱུར་བཞིན་ཡོད་དེ། ན་གཞོན་འབོར་ཆེན་ཞིག་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་བཀུག 

སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏན་ལིང་རྫོང་ཀྲང་དབྱང་གྲོང་རྡལ་ཝན་ཉན་སྡེ་བའི་ཡུལ་ལོག་ལས་གཏོད་ན་གཞོན་རེན་ཡེ་ཡིས་བཤད་རྒྱུར། ང་ཚོའི་རི་རྒོད་ཀྱང་ཇ་ཁང་དང་མེ་ཏོག་གི་རྒྱ་མཚོ་རུ་གྱུར་ཡོད། ས་ལམ་ཡང་ལྟ་སྐོར་གྱི་རྐང་ལམ་དུ་ལས་ཡོད། ཕ་ཡུལ་དུ་ལོག་ཏེ་དམངས་སྲོལ་ཁུལ་གཉེར་བའི་ལོ་གཉིས་ཀྱི་རིང་ལ། ཡུལ་སྐོར་བ་མང་བའི་དུས་སུ་རྒྱུན་དུ་འགྲུལ་བས་ཁེངས་ཡོད་པ་དང་། ད་དུང་ལོ་ལོན་དང་བྱིས་པར་གཉོར་སྐྱོང་བྱེད་ཐུབ་པས། འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་རེད་ཟེར།

ད་སྐབས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་དབུལ་ཐར་ས་ཁུལ་དུ་མྱུར་མོར་ཁྱབ་འགྱེད་བྱེད་བཞིན་ཡོད་པ་དང་། དག་གཙང་ནུས་ཁུངས་དང་། གཞི་གྲངས་ཆེན་མོ་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཞིང་། སྲོལ་རྒྱུན་ཞིང་ལས་ཀྱང་སྔར་ལས་ཕན་འབྲས་མཐོ་བར་གྱུར་ཡོད། ཀན་སུའུ་ཐེན་ཧྲུའེ་ཡི་འཇིག་རྟེན་འཕུར་སྐྱོད་སོན་གསོ་ཚོད་ལྟའི་རྟེན་གཞི་ཁུལ་དུ། རྩ་ཆེའི“བར་སྣང་ས་བོན”བེད་སྤྱོད་བྱས་ཏེ། ཚན་ཞིབ་མི་སྣས་ཀུ་ཤུ་རིགས་གསར་པ་ལྔ་བདེ་ལེགས་ངང་འདེམས་གསོ་བྱས། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞི་ལས་བསྟན་དོན། “རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལམ་སྲོལ་གཅིག་འདོམས་ཀྱིས་འཛུགས་དགོས”ཞེས་བསྟན་པ་དང་ཆབས་ཅིག“རིམ་དབྱེ་རིགས་དབྱེ་ཀྱིས་འཕེལ་རྒྱས་ཞན་པའི་ས་ཁུལ་ལ་རོགས་སྐྱོར”བྱེད་དགོས་པ་ཡང་བསྐྱར་ནན་གྱིས་བསྟན། ས་གནས་སོ་སོས་རྒྱུན་ལྡན་ཅན་གྱི་རོགས་སྐྱོར་གྲོང་གསེབ་དར་སྤེལ་འཐབ་ཇུས་གཅིག་འདོམས་ལག་བསྟར་བྱེད་པའི་ཁོངས་སུ་འཇུག་བཞིན་ཡོད་པ་དང་། ནུས་ཆོད་ཡོད་པའི་གསར་སྤེལ་རོགས་སྐྱོར་ལ་བརྟེན་ནས་ནང་སྐྱེས་འཕེལ་ཤུགས་ཇེ་དྲག་ཏུ་གཏོང་བ། ཆ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གིས་དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བར་ཁག་ཐེག་བྱེད་དགོས།

འཐབ་ལམ་གསར་པའི་སྟེང་། རྒྱ་ཆེའི་དབུལ་ཐར་ས་ཁུལ་གྱིས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་གྱིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།