ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་འགན་སྒྲུབ་ལས་ཁུངས་ཀྱིས་འགན་སྒྲུབ་མཐའ་འཁྱོལ་བྱེད་པར་སྐུལ་མ་གཏོང་བ་དང་། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དུས་སུ་འཐུས་མིས་གྲོས་གཞི་གནད་འཁེལ་གྱིས་འདོན་པ་དང་གྲོས་གཞི་དོན་ཐོག་ཏུ་འབྱོར་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་པའི་ཕུལ་བྱུང་དཔེ་གཞི་བཅོ་ལྔ་ཁྱབ་བསྒྲགས་བྱས།
ཐེངས་འདིར་བདམས་ཐོན་བྱུང་བའི་དཔེ་གཞི་བཅོ་ལྔ་ནི་སོ་སོར་གྲངས་འཛིན་ནུས་སྐྱེད་ལ་སྐུལ་འདེད་བཏང་ནས་ཁྱིམ་སྲིད་ཞབས་ཞུའི་སྤུས་ནུས་ཇེ་མཐོར་གཏོང་བའི་གྲོས་གཞི་དང་། ནད་ཕོག་པའི་བྱིས་པས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་གྲོས་གཞི། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ལོ་ལོན་རྒན་པའི་ཟ་ཁང་འཁོར་སྐྱོད་འགྲོ་གྲོན་སྡེ་བ་རིམ་པའི་བགོ་བྱའི་མ་དངུལ་བེད་སྤྱོད་ཀྱི་ཁྱབ་ཁོངས་ཁྲོད་འཇོག་པའི་སྐོར་གྱི་གྲོས་གཞི། ཐོན་ལས་མུ་ཕྲེང་ཧྲིལ་བོ་འཕེལ་རྒྱས་བཏང་བར་བརྟེན་རང་ཞིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་བསྐྲུན་པར་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི། གསར་དར་གློག་ཤུགས་མ་ལག་འཛུགས་སྐྲུན་ལ་སྔར་ལས་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི། སྨན་བཅོས་དང་ཁམས་གསོ། བདག་སྐྱོང་བཅས་ཟུང་འབྲེལ་གྱི་རྒན་གསོའི་རྣམ་པ་གསར་པ་གསོ་སྐྱོང་བྱེད་པའི་སྐོར་གྱི་གྲོས་གཞི། མཚོ་སྔོན་ཞིང་ཆེན་གྱི་བཟའ་བཏུང་རིག་གནས་ཟོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་དེའི་དྲིལ་སྒྲོག་སྐོར་གྱི་གྲོས་གཞི། མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི། མཐོ་སྒང་གི་གྲང་བསིལ་སྔོ་ཚལ་ཐོན་ལས་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི། ཐུན་ཏེ་རྫོང་མཚོ་སྔོན་ཨང་རྟགས་དང་པོའི་མུའུ་ཞུའུ་ཚན་རྩལ་ར་བར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཐཱན་འདུས་ལྟ་ཞིབ་ཚད་ལེན་དཔེ་སྟོན་རྟེན་གཞིའི་ས་ཚིགས་འཛུགས་གྲུབ་བྱེད་པའི་སྐོར་གྱི་གྲོས་གཞི། ཆུང་འབྲིང་སློབ་མའི་དམར་པོའི་ཕྱོགས་བསྡུས་ལག་ལེན་སློབ་གསོར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི། མཚོ་བྱང་ཁུལ་གྱི་མཚོ་སྐོར་བྱང་འགྲམ་གྱི་གཞུང་ལམ་འགྲིམ་འགྲུལ་གཙོར་བྱས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གྲོས་གཞི། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་གེགས་མེད་དུ་བཏང་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་བར་གྱི་རིག་གནས་ཡུལ་སྐོར་བརྗེ་རེས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི། སྡོད་ཁུལ་གྱི་སྡེ་ལས་ཞབས་ཞུའི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས་སྡེ་ཁུལ་བཅོས་སྐྱོང་གི་མཉམ་ཤུགས་གྲུབ་པའི་སྐོར་གྱི་གྲོས་གཞི། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དང་ལྷག་པར་མགོ་ལོག་ཁུལ་ཁོངས་ཀྱི་སློབ་གྲྭ་སོ་སོའི་སློབ་གསོའི་ཆ་སྙོམས་བཀོད་སྒྲིག་དང་དངུལ་གཏོང་ཐད་ཤུགས་འདོན་ཚད་མུ་མཐུད་ཆེ་རུ་གཏོང་བའི་སྐོར་གྱི་གྲོས་གཞི་བཅས་རེད།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་བཤད་རྒྱུར། ཐེངས་འདིར་བདམས་ཐོན་བྱུང་བའི་འཐུས་མིའི་གྲོས་གཞིའི་ཕུལ་བྱུང་དཔེ་གཞི་དེ་དག་སྐྱེ་ཁམས་ཁོར་སྲུང་དང་། ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན། དམངས་འཚོ་འགན་སྲུང་། སྡེ་ཁུལ་བཅོས་སྐྱོང་སོགས་ཁྱབ་ཁོངས་ལ་ཁེབས་ཡོད་ལ། འཐུས་མིའི་གྲོས་གཞིའི་སྤུས་ཚད་མཐོ་བའི་ནང་དོན་དང་། སྤུས་ཚད་མཐོ་བའི་ལས་སྒྲུབ་བྱེད་པའི་གསོན་ཉམས་ལྡན་པའི་མངོན་སྟངས་ཤིག་རེད། འཐུས་མིས་བཏོན་པའི་གྲོས་གཞི་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས་པ་བརྒྱུད། འཐུས་མིའི་གྲོས་གཞིའི་ཤུགས་རྐྱེན་ནུས་ལྡན་སྒོས་རྒྱ་བསྐྱེད་པ་དང་། ཞིང་ཆེན་དམངས་ཆེན་འཐུས་མིས་ཐེངས་འདིའི་དམངས་ཆེན་འཐུས་མིའི་ཚོགས་ཆེན་སྐབས་སུ་སྔར་ལས་ལྷག་པའི་འགན་སྒྲུབ་ཀྱི་བྱེད་ཕྱོགས་མངོན་པ་དང་། སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་གཞི་འདོན་པར་སྐུལ་སློང་བྱེད་ཐུབ་ཟེར།