ཟླ1ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་བཙུགས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོས་ཤིས་ཚིག་ཕུལ།
མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ནི་ཞབས་ཞུའི་སྤྱོད་སྒོ་དང་ཞིབ་ཕྲའི་བྱེད་ནུས་ལྟར་བཟོ་སྐྲུན་གྱི་རྒྱ་ཁྱོན་རྒྱ་མི་བསྐྱེད་པ་དང་བྱེད་ནུས་གསར་པ་ཁ་སྣོན་མི་བྱེད་པ། ངོ་བོའི་རང་བཞིན་གྱི་རྒྱས་སྐྲུན་མི་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་། སྟབས་བདེ་ཡིན་ལ་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ་དང་། བབ་བརླིང་ཡིན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་དེ་སྔའི་ཞིང་ཆེན་གྱི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་བསྐྱར་སྐྲུན་བྱས་པ་རེད། བསྐྱར་སྐྲུན་བྱས་རྗེས། སྣེ་ལེན་ས་ཚིགས་དེས་རྒྱ་ཆེའི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཕྱིར་རྒྱལ་ནང་དུ་ལོག་ནས་གཉེན་ཉེར་ཐུག་འཕྲད་བྱེད་པའི་ཐད་ཆ་རྐྱེན་ལེགས་པོ་བསྐྲུན་ཏེ་རང་ཞིང་གིས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླར་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་བརྟན་པོ་དང་སྲིད་ཇུས་དྲིལ་སྒྲོག་གི་སྒེའུ་ཁུང་གལ་ཆེན། ཕྱོགས་སོ་སོའི་ཐུན་མོང་གི་འདུ་ཤེས་གཅིག་སྡུད་བྱེད་པའི་ནུས་ཡོད་སྟེགས་བུ་ཞིག་ཏུ་འགྱུར་ངེས།
མཛད་སྒོར་ཞུགས་པའི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་གཉེན་ཉེའི་འཐུས་མི་མཱ་ཀྲན་པེའོ་ཡིས་བསྟན་དོན། སྣེ་ལེན་ས་ཚིགས་བཙུགས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་བོད་རིགས་སྤུན་ཟླར་བཅངས་པའི་བརྩེ་བ་ཟབ་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་བཞིན་པ་གང་ལེགས་སྒོས་མཚོན་ཡོད། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་གཉེན་ཉེ་ཡིན་པའི་ཆ་ནས། ངས་རང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བཟང་བོ་བྱས་ཏེ་སྔར་ལས་མང་པོའི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་གྱི་འགྱུར་ལྡོག་དང་ཕ་ཡུལ་གྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་པ་དང་། ཁོ་ཚོའི་སེམས་པ་མེས་རྒྱལ་ལ་ཕྱོགས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་པར་སྐུལ་མ་གཏོང་ངེས་ཡིན་ཟེར།
ཕྱིར་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་འཐུས་མི་ཚེ་རིང་བསྟན་པས་བཤད་རྒྱུར། ཕྱིར་རྒྱལ་ནང་དུ་ལོག་ནས་དུས་ཡུན་རིང་བོར་གཞི་རིམ་དུ་གཏད་སྡོད་བྱས་པའི་བོད་རིགས་སྤུན་ཟླ་ཞིག་ཡིན་པའི་ཆ་ནས་ངས་མེས་རྒྱལ་ས་གཞི་ཆེན་མོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཕ་ཡུལ་གྱི་ཉིན་གསར་ཟླ་འགྱུར་གྱི་རྣམ་པ་དངོས་སུ་མཐོང་ཞིང་། མེས་རྒྱལ་གྱི་གྲུབ་འབྲས་རེ་རེ་དང་མཚོ་སྔོན་གྱི་འགྱུར་ལྡོག་རེ་རེས་ངའི་ང་རྒྱལ་དང་སྤོབས་སེམས་ཆེ་རུ་བསྐྱེད། ཕྱིར་རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ་ཞིག་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག གུང་ཁྲན་ཏང་ཡོན་ཞིག་བཅས་ཡིན་པའི་ཆ་ནས་ངས་ཏང་དང་མེས་རྒྱལ་ལ་བཅངས་པའི་དྲིན་གཟོའི་སེམས་པ་དེ་སློབ་ཁྲིད་མི་སྐྱོང་གི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། ཐོག་མཐའ་བར་གསུམ་དུ་དྲིན་གཟོའི་བསམ་པ་བཅངས་པ་དང་འབད་འཐབ་ཀྱི་སྙིང་སྟོབས་བརྟན་སྲུང་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་བཅས་བྱས་ནས་རང་གི་ལས་འགན་ལ་རྐང་བཙུགས་ཏེ་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་རྟོགས་སྒོས་ཕྱི་རྒྱལ་དུ་ཡོད་པའི་གཉེན་ཉེ་དང་གྲོགས་པོར་ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྒྲོག་བྱས་ནས་སྔར་ལས་མང་པོའི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླར་མེས་རྒྱལ་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་མེས་རྒྱལ་ལ་དགའ་བ། ཕ་ཡུལ་གྱི་འཕེལ་རྒྱས་འགྱུར་ལྡོག་མྱོང་དུ་འཇུག་ངེས་ཡིན་ཟེར།
མཛད་སྒོའི་རྗེས་སུ་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། བོད་རིགས་སྤུན་ཟླའི་འཐུས་མི་སུམ་ཅུ་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཤིང་། བོད་རིགས་སྤུན་ཟླའི་འཐུས་མི་ལྔ་ཡིས་གཏམ་བཤད། ཚོགས་འདུའི་སྟེང་བོད་རིགས་སྤུན་ཟླའི་འཐུས་མིར་འཚམས་འདྲི་བྱས།