ཟླ1ཚེས20ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིར་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་བཅས་གཅིག་སྡུས་ཞིབ་ཀློག་བྱེད་དུ་བཅུག
རྩ་འཛུགས་སྒོས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་སྡུར་དང་གཅིག་སྡུས་ཞིབ་ཀློག་བྱེད་པ་ནི་རྒྱལ་ཡོངས་དམངས་ཆེན་གྱི་བྱ་བའི་བཀོད་སྒྲིག་དང་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བླང་བྱ་དངོས་འབེབས་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་བྱ་བ་ཡག་པོར་སྒྲུབ་པའི་བྱེད་ཐབས་ཞིབ་མོ་ཞིག་རེད། བཅའ་ཁྲིམས་འཆར་ཟིན་ཁག་གསུམ་གཅིག་སྡུས་ཞིབ་ཀློག་དང་དེར་གྲོས་སྡུར་བྱས་པ་བརྒྱུད། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ལ་བརྟེན་ནས། འཐུས་མིའི་བྱེད་ནུས་འདོན་སྤེལ་བཟང་པོ་བྱེད་པ་དང་། བཅའ་ཁྲིམས་འཆར་ཟིན་ལ་ནན་ཏན་གྱིས་ཞིབ་འཇུག་དང་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་བཅའ་ཁྲིམས་འཆར་ཟིན་ཁག་གསུམ་ལ་བདེ་བླག་ངང་གྲོས་ཞིབ་གྲོས་འཆམ་འབྱུང་བར་བསམ་བཀོད་གཅིག་སྡུད་དང་སྟོབས་ཤུགས་འབུལ་དགོས་པར་འདོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅའ་ཁྲིམས་འཆར་ཟིན་ཁག་གསུམ་ནི་སྔར་ལས་འཐུས་ཚང་གི་ཁྲིམས་སྐྱོང་མ་ལག་དང་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོན་བྱེད་རང་བཞིན་གྱི་ཁྲིམས་འཛུགས་ཤིག་ཡིན། བཅའ་ཁྲིམས་འཆར་ཟིན་ཁག་གསུམ་ལ་གྲོས་ཞིབ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སློབ་སྦྱོང་ནན་མོ་དང་ཞིབ་ཏུ་ཀློག་པ། གཙོ་གནད་གཙོ་དོན་གནད་འཁེལ་དུ་འཛིན་པ། བསམ་བློའི་ངོས་འཛིན་གཅིག་གྱུར་བཅས་ཀྱིས་བཅའ་ཁྲིམས་འཆར་ཟིན་ཁག་གསུམ་ལ་བདེ་བླག་ངང་གྲོས་འཆམ་འབྱུང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱེད་དགོས། འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་དམངས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལྟར། ཁྲིམས་ལྟར་འགན་སྒྲུབ་ཀྱི་ཆབ་སྲིད་ལངས་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཟུང་སྟེ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འཛུགས་སྐྲུན་རང་བཞིན་དང་སྤུས་ཚད་མཐོ་བའི་བསམ་ཚུལ་དང་གྲོས་གཞི་འདོན་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བཏོན་པའི་བསམ་ཚུལ་དང་གྲོས་གཞི་ནན་ཏན་གྱིས་གསེད་བཀྲོལ་དང་སྤྱི་བསྡོམས་བྱ་རྒྱུ་མ་ཟད་དུས་ལྟར་སྙན་ཞུ་ཕུལ་ནས། བསམ་ཚུལ་དང་གྲོས་གཞི་ཅི་ཡོད་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པའི་སྔོན་དུ་འདོན་ཐུབ་པར་ཁག་ཐེག་བྱ་དགོས། འབྲེལ་ཡོད་ལས་ཁུངས་སོ་སོས་བཅའ་ཁྲིམས་འཆར་ཟིན་ཁག་གསུམ་གྱི་ལམ་ལུགས་གལ་ཆེན་གྱི་ནང་དོན་དང་དམ་དུ་སྦྲེལ་ཏེ། དྲིལ་སྒྲོག་ནུས་ཚད་ཆེ་རུ་གཏོང་བ་དང་། ཟུར་མང་བོའི་བརྒྱུད་སྒྲོག་བྱེད་སྟངས་རྒྱ་བསྐྱེད་དགོས་ཤིང་། དམངས་གཙོའི་གཏམ་རྒྱུད་དང་ཁྲིམས་འཛུགས་གཏམ་རྒྱུད། དམངས་ཆེན་གྱི་གཏམ་རྒྱུད་བཅས་ལེགས་པོར་འཆད་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་འཚོག་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།