མཚོ་སྔོན་གྱི་སྨན་ཞབས་ཐུན་ཚོགས་རྫོང་ཁོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ1ཚེས15ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། 2025ལོར། མཚོ་སྔོན་གྱིས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་དང་། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་གསུམ་མཐུན་སྦྱོར་ལ་ཤུགས་བསྣན་ཞིང་། སྨན་ཞབས་ཐུན་ཚོགས་རྫོང་ཁོངས་ཡོངས་སུ་ཁེབས་པར་མངོན་འགྱུར་བྱས་ཏེ། བརྒྱ་ཆའི་དགུ་བཅུའི་ཡན་དམ་ཚགས་ཅན་གྱི་ཚད་གཞིར་སླེབས་ཡོད།

ཞིང་ཆེན་སྡེ་ཚན་དུ་བྱས་ནས་སྨན་ཞབས་ཐུན་ཚོགས་ཀྱི་སྨན་རྫས་ཀྱི་དཀར་ཆག་གཅིག་གྱུར་བྱས་ཏེ། དཀར་ཆག་ཏུ་བཞག་པའི་སྨན་རྫས་རིགས་སྟོང་གཅིག་དང་བརྒྱ་དང་བཞི་བཅུར་སླེབས་པ་དང་། སྨན་རྫས་མི་འདང་བའི་ཚད་ལེན་ལྟ་ཞིབ་སྔོན་བརྡ་དང་མཐུན་སྦྱོར་ཁ་གཏད་འཇལ་བའི་བྱ་བ་རིམ་ལྡན་གྱི་སྤེལ་ཞིང་། དུས་ཚིགས་རང་བཞིན་གྱི་སྨན་བཀོལ་བའི་དགོས་མཁོར་འགན་སྲུང་ལེགས་པོ་བྱས། དེ་དང་མཉམ་དུ། གཞི་རིམ་ཞབས་ཞུའི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་བཏང་བ་དང་། སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཏན་ཏིག་གིས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་བདུན་གསུམ་གྱི་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་གཞི་རྩའི་ཚད་གཞིར་སླེབས་པ་དང་། བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བརྒྱད་གཉིས་ཀྱི་ལས་ཁུངས་དེ་འོས་སྦྱོར་ཚད་གཞིར་སླེབས་ཤིང་། སྡེ་ཁུལ་གྱི་སྨན་ཁང་སུམ་ཅུ་འགྲུབ་ཚར་བ་དང་། བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གསུམ་གཅིག་གི་སྡེ་བའི་འཕྲོད་བསྟེན་ཁང་ཚང་མ་སྨན་བཅོས་འགན་བཅོལ་རྩིས་རྒྱག་དོ་དམ་ཁྲོད་བཞག་ཡོད།

ཁྱོན་བསྡོམས་སློབ་ཆེན་སློབ་མ585བསྡུ་རུབ་བྱས་ནས་ཞིང་སྡེའི་སྨན་པའི་སྡེ་སྡོད་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་དང་ཚོགས་པ་གཙོ་བོའི་ཁྱིམ་ཚང་སྨན་ཁང་གི་མིང་རྟགས་འགོད་པའི་ཞབས་ཞུའི་ཚད་སོ་སོ་བརྒྱ་ཆའི་དོན་བརྒྱད་དང་གྲངས་ཆུང་བཞི་གཅིག་དང་། བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གཉིས་ལྔར་སླེབས་ཡོད་ལ། ལོ་བརྒྱད་ཅུའི་ཡན་གྱི་རྒན་རྒོན་དང་དབུལ་ཐར་མི་འབོར་གྱི་མིང་རྟགས་འགོད་པའི་ཞབས་ཞུ་ཁོངས་ཡོངས་སུ་ཁེབས་ཡོད་པས། གཞི་ཁྱོན་རང་བཞིན་གྱི་ནད་ཀྱི་རྐྱེན་གྱིས་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་དམ་པོར་བསྲུངས་ཡོད། ཞིང་ཆེན་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དེ་ཟི་ལིང་གྲོང་ཁྱེར་གྱི་མཁར་གྲོང་གཙོ་བོའི་ཁུལ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ། མི་འབོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བདུན་དང་ལྔ་བརྒྱ་དང་། མང་ཚོགས་མི་ཐེངས་ཁྲི་གསུམ་དང་སྟོང་བདུན་བཞི་བརྒྱར་ཞབས་འདེགས་ཞུས་པར་བརྟེན། མང་ཚོགས་ཀྱི་གདེང་འཇོག་ཚད་མེད་ཐོབ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བདེ་ཐང་ཞབས་ཞུའི་བརྗེ་རེས་ཚོགས་ཆེན་དང་རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་མཚོ་སྔོན་གྱི་རིག་གཞུང་ཚོགས་འདུ་བསྡུས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ་ཉིས་བརྒྱ་སོ་གཉིས་དང་ས་གནས་ཀྱི་སྨན་བཅོས་མི་སྣའི་བར་དགེ་སློབ་འབྲེལ་བ་དྲུག་བརྒྱ་དང་དྲུག་བཙུགས་ཤིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྒོ་བསྟེན་གྱིས་ཁྱོན་བསྡོམས་ནད་པ་མི་ཐེངས་འབུམ་གཉིས་དང་ཁྲི་ལྔ་སྟོང་བརྒྱད་ལ་སྨན་བཅོས་བྱས་ཏེ། ནད་པ་ལྕི་མོ་སྟོང་བཞི་དང་ལྔ་བརྒྱ་བཅུ་བདུན་གྱི་མྱུར་སྐྱོབ་ལེགས་འགྲུབ་བྱུང་། རྫོང་ཁོངས་ཀྱི་ཞག་སྡོད་ཚད་དང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ནད་བརྟག་སྨན་བཅོས་ཚད་ཀྱི་ཟིན་ཚད་སོ་སོ་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་ཐིག་གཉིས་དང་། བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་གསུམ་ཐིག་ལ་སླེབས་པས། གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་ཕྱིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།