ཞིན་ཧེ་རྫོང་གིས་རྒྱ་ཁྱོན་སྤྱི་ཆིང་འབུམ་གཅིག་དང་སྟོང་དྲུག་གི་མངའ་ཁོངས་ལྗང་སྒྱུར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ1པའི་ཚེས5ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོའི་ཟླ12པའི་ཚེས31ཉིན་བར་དུ། ཞིན་ཧེ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི་བརྒྱུད་དེ། ཉམས་རྒུད་དུ་སོང་བའི་ནགས་ཚལ་སྤྱི་ཆིང267སླར་གསོ་བྱས་པ་དང་།  སྤྱི་ཆིང9333གྱི་རྒྱ་ཁྱོན་ལ་རི་བཀག་ནགས་གསོ་བྱས་ཡོད་ཅིང་། མིས་བཟོས་ནགས་ཚལ་སྤྱི་ཆིང100ལ་སླེབས་ཡོད་པར་མ་ཟད། རྩྭ་ཐང་གི་སྟེང་དུ་ལྕགས་ར་བསྐོར་ནས་སྐྱེ་ཁམས་སླར་གསོ་བྱས་པའི་རྒྱ་ཁྱོན་ལ་སྨི་ས་ཡ་གཉིས་དང་འབུམ་དགུ་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་བྱས་པའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་དང་སྟོང་དྲུག་བཞི་བརྒྱ་ཡོངས་འགྲུབ་བྱས་ཏེ། སྐྱེ་ཁམས་སླར་གསོ་བྱས་པའི་གྲུབ་འབྲས་མངོན་གསལ་ཇེ་ལེགས་སུ་སོང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིན་ཧེ་རྫོང་གིས“བྱང་གསུམ”བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་དེ་གཙོ་གནད་དུ་བཟུང་ནས། ཁྱོན་བསྡོམས་མ་དངུལ་ སྒོར་བྱེ་བ་དགུ་དང་ས་ཡ་ལྔ་བཏང་ནས། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ལས་གཞི6མ་ལག་ལྡན་པའི་སྒོ་ནས་འཆར་འགོད་ལག་བསྟར་བྱས་པ་དང་། དེའི་ནང་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་སྒྱུར་ལས་དོན།  མི་སྡོད་ཁོར་ཡུག་བཅོས་སྐྱོང་། རྒྱལ་དབང་ནགས་ར་སྲ་བརྟན་དང་མཐོར་འདེགས་སོགས་ཀྱི་ཁྱབ་ཁོངས་གཙོ་བོ་འགའ་ཚུད་ཡོད། མ་དངུལ་སྒོར་འབུམ་བཞི་དང་ཁྲི་དྲུག་བཏང་ནས་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལྗང་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བར་མ་ཟད། སྡོང་ཕྲུག་སྣ་ཚོགས་ཀྱི་སྡོང་རྐང་འབུམ་གཉིས་དང་སྟོང་དགུ་ལྷག་བཏབ་ནས། རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་ཀྱིས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བརྒྱད་བདུན་བར་ཇེ་མཐོར་ཕྱིན་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ཇེ་ལེགས་སུ་སོང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།