དེབ་གསར《སྲིད་པའི་བྲོ་རྒན་པད་ལུང་བྲོ་བོ་ཆེ》དཔེ་སྐྲུན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཉེ་ཆར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པད་ལུང་བྲོ་བོ་ཆེར་ཞིབ་འཇུག་བྱེད་པའི་ཆེད་རྩོམ་《སྲིད་པའི་བྲོ་རྒན་པད་ལུང་བྲོ་བོ་ཆེ》ཞེས་པའི་དེབ་གསར་འདི་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་འདུག དེབ་དེ་ནི་ཀུན་དགའ་ནོར་བུས་རྩོམ་སྒྲིག་བྱས་པ་དང་། ཁྲི་འདུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་ཞུ་དག་ཞིབ་ཚགས་བྱས་ཏེ་དཔེ་སྐྲུན་བྱས་པ་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དེབ་འདིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་དར་ཁྱབ་ཆེ་བའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པད་ལུང་བྲོ་བོ་ཆེ་དེ་ཞིབ་འཇུག་བྱ་གཞིར་བྱས་ཏེ། དེའི་སྒྱུ་རྩལ་གྱི་རྣམ་པ་དང་རིག་གནས་ཀྱི་རིན་ཐང་ཕྱོགས་ཡོངས་ནས་མངོན་ཡོད། དེབ་ཧྲིལ་པོ་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། ཁག་དང་པོར་པད་ལུང་ལུང་པའི་ཡུལ་གྱི་བཀོད་པ་དང་། མི་ཆོས་རིག་གནས། དེ་བཞིན་དམངས་སྲོལ་བཅས་ཀྱི་གནས་ཚུལ་རགས་ཙམ་བརྗོད་པ། ཁག་གཉིས་པར་པད་ལུང་བྲོ་བོ་ཆེའི་སྒྱུ་རྩལ་གྱི་འབྱུང་ཁུངས་དང་། འཁྲབ་སྟོན་རྣམ་པ། རྒྱན་གོས་ཀྱི་སྒྲིག་གཞི། ཞབས་བྲོའི་ཞིབ་ཕྲའི་གནས་ཚུལ་བཅས་གསལ་བཤད་ཞིབ་ཕྲ་བྱས་ཡོད། མཇུག་མཐའི་ཚན་པའི་ནང་རིགས་ལམ་གསལ་བ་དང་རིག་གཞུང་རང་བཞིན་ཆེ་བའི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་བདམས་ནས་འབྲེལ་ཡོད་ཞིབ་འཇུག་ལ་དབང་གྲགས་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

དེབ་འདིའི་རྣམ་པའི་ཆ་ནས་ཡི་གེ་དང་པར་རིས་ཟུང་དུ་སྦྲེལ་བ་དང་། ནང་དོན་གྱི་ཆ་ནས་རྗོད་བྱེད་ཀྱི་ཚིག་སྦྱོར་ཁ་ལ་བདེ་ཞིང་བརྗོད་བྱའི་སྙིང་པོ་ཡིད་ལ་འཛིན་བདེ་བའི་ཁྱད་ཆོས་ཀྱིས་ཕྱུག་པས། བོད་ཀྱི་ཞབས་བྲོ་སྒྱུ་རྩལ་སྤྱི་དང་སྒོས་སུ་ཁྲི་འདུའི་ཕྱོགས་སུ་དར་ཁྱབ་ཆེ་བའི་པད་ལུང་བྲོ་བོ་ཆེའི་རིག་གནས་ལོ་རྒྱུས་སྐོར་ལ་ཤེས་རྟོགས་དང་ཞིབ་འཇུག་བྱ་འདོད་མཁན་རྣམས་ལ་མཚོན་ན་རིན་ཐང་ཆེན་པོ་ལྡན་པ་ཞིག་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།